​མདོ་ལ་རིང་མོའི་ཀུའུ་ལང་དུམ་བུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དག་ཐེར་རྣམ་གྲངས14ལ་བསྐྱར་ཞིབ་ཞིབ་བཤེར་རྩིས་ལེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་(ཀུའུ་ལང་དུམ་བུའི)གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནད་དོན་དག་ཐེར་བཅོས་སྒྲིག་ལས་ཀའི་བླང་བྱ་གཞིར་བཟུང་། ཉེ་ཆར་ཁོར་ཡུག་སྲུང་སྐྱོང་པུའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་གནས་འདི་གས་རྩད་ཆོད་པའི་ཕྱོགས་7ཐད་ཀྱི་གནད་དོན་14ཚང་མ་དག་ཐེར་བྱས་པ་དང་འབྲེལ་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་དང་གྲོང་ཁྱེར་རིམ་པའི་བསྐྱར་ཞིབ་ཞིབ་བཤེར་རྩིས་ལེན་བྱུང་བ་རེད།

མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་གི་ཤང་དང་གྲོང་རྡལ་7གྱི་ས་ཆ་མུའུ་ཁྲི་27.66ཚུད་ཡོད་པ་དང་དེའི་ནང་ལྟེ་བའི་ཁུལ་མུའུ་ཁྲི་2.45དང་། བར་ཆོད་ཁུལ་མུའུ་ཁྲི་2.24 ཚོད་ལྟའི་ཁུལ་དང་ཕྱི་སྐོར་ས་ཆ་མུའུ་ཁྲི་22.97བཅས་ཚུད་ཡོད་པ་རེད།

སྲུང་སྐྱོང་ཁུལ་ནང་རྡོ་ཐལ་ཚྭ་གཏེར་དབྱུགས་ནས་ནགས་ཤིང་དང་སྤང་ལྗོངས་སྔོ་ཁེབས་འཚར་སྐྱེར་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དམིགས་ནས་ས་གནས་འདི་གའི་སྲིད་གཞུང་གིས་ཚེར་ནག་སོགས་སྡོང་རྐང་ཁྲི་6བཏབ་པ་དང་རྩི་ཤིང་སྨི་གྲུ་བཞི་མ་ཁྲི་3.59བཏབ་ནས་སྣོད་བཅུད་རགས་ཙམ་སླར་གསོ་བྱུང་ཡོད། ནན་ཉི་ལུང་ཤུར་ཆུ་མཛོད་ཉེན་སེལ་བརྟན་གཏོང་དང་། སྒུལ་བདེའི་འཕྲིན་གཏོང་སྦྲེལ་ཚུགས། མཐོ་གནོན་གློག་ལམ་སོགས་ལས་གྲྭ་3གྱིས་ནགས་ཤིང་དང་སྤང་ལྗོངས་དང་རྩི་ཤིང་འཚར་སྐྱེའི་གནད་དོན་ལ་ཤུགས་རྐྱེན་ཐེབས་པར་དམིགས་ནས་ས་གནས་འདི་གས་རྣམ་གྲངས་ཁུལ་དུ་ཚེར་ནག་སོགས་སྡོང་རྐང་ཁྲི་7བཙུགས་པས་སྡོང་ཕྲུག་གསོན་ཚད་80%ཡན་ཟིན་གྱི་ཡོད། སྲུང་སྐྱོང་ཁུལ་དུ་བཤིག་བདེའི་པང་ལེབ་ཁང་པ་དང་། གསོ་ཚགས་དྲོད་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་སོགས་བརྒྱབ་པའི་གནད་དོན་ལ་དམིགས་ནས་མིག་སྔར་དེ་དག་ཚང་མ་བཤིག་པ་དང་དུས་མཚུངས་སྣོད་བཅུད་སླར་གསོའི་ས་ཁོངས་སུ་བཀག་སྡོམ་དོ་དམ་བྱས་པ་དང་བྱེད་སྒོ་སྣ་ཚོགས་གཏན་འགོག་བྱས་ཡོད།

 “རྣམ་གྲངས་དག་ཐེར་དང་བཅོས་སྒྲིག་ཁྲོད་ང་ཚོས་དཔེ་གཅིག་གིས་དོན་བརྒྱ་མཚོན་རྒྱུ་མཐའ་འཁྱོངས་བྱས་པ་དང་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྒུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲུང་སྐྱོང་ཁུལ་དུ་གཏེར་འཚོལ་དང་གཏེར་འདོན་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཡོད། དག་ཐེར་བྱེད་རིང་ས་གནས་དེ་གས་ད་དུང་རི་རྒྱ་བསྡམས་ནས་ནགས་གསོ་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་ཐབས་ལ་བརྟེན་ནས་སྣོད་བཅུད་སླར་གསོ་ཁུལ་བསྐྲུན་པ་དང་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ཀུའུ་ལང་རྫོང་ཆུ་བེད་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཧའེ་ཡུས་ཀྱིས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།