ད་ལོའི་སྟོན་དུས་སུ་རྨ་ཆུའི་སྟོད་རྒྱུད་དུ་ཆུ་གསོག་ཚད་མང་དུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཚན་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལོ་གཉིས་ལྷག་ཙམ་སྐམ་རྗེས་ད་ཆ་ཆུ་མང་དུ་འགྲོ་འགོ་ཚུགས་ཏེ་རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་ཆུ་མཛོད་ནང་ཆུ་གསོག་པ་དང་ཞིང་ལས་ལ་ཆུ་འདྲེན་པ་སོགས་ཀྱི་སྣང་ཚུལ་ཇེ་ལེགས་སུ་ཕྱིན་ཡོད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དཔྱད་ཡིག་དབྱེ་ཞིབ་ལ་གཞིགས་ན། 2015ལོའི་ཟླ་བ་བཞི་པ་ནས་བཟུང་ཨེར་ཉི་ནུའོ་སོགས་གནམ་གཤིས་ཤུགས་རྐྱེན་གྱི་དབང་གིས་རྨ་ཆུའི་སྟོད་རྒྱུད་དུ་ཆར་པ་འབབ་ཚད་ཉུང་དུ་ཕྱིན་པ་མ་ཟད། དྲོད་ཚད་ཀྱང་མཐོ་རུ་ཕྱིན་ཞིང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་ཡང་ཆར་པ་འབབ་ཚད་ཉུང་བའི་གནམ་གཤིས་བསྟན་ཡོད། དེའི་དབང་གིས་རྨ་ཆུའི་སྟོད་རྒྱུད་དུ་ལོ་གཉིས་ལྷག་ཙམ་རིང་ཆུ་སྐམ་པར་བརྟེན་ཆུ་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་དང་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་ཆུ་མཁོ་འདོན་བྱ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

“འོན་ཀྱང་འདི་ལོའི་ཟླ་བ་བརྒྱད་པ་ནས་བཟུང་རྨ་ཆུའི་སྟོད་རྒྱུད་ཀྱི་ཐོན་ཁུལ་གཙོ་བོར་ཆར་པ་འབབ་ཉུང་བའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་ཏེ་ཆར་པ་བབས་ཚད་མང་དུ་ཕྱིན་པར་བརྟེན་ཆུ་གསོག་ཚད་མི་འདང་བའི་གནས་ཚུལ་ཐག་གཅོད་ཐུབ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་པ་མཱ་ཀྲེན་ལེང་གིས་དེ་ལྟར་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་བརྒྱད་པ་ནས་ཟླ་བ་བཅུ་པ་བར་རྨ་ཆུའི་སྟོད་རྒྱུད་དུ་ཆར་པ་འབབ་ཚད་ཧའོ་སྨི308.3ཟིན་ནས་རྒྱུན་གཏན་ལོའི་དུས་མཚུངས་ལས་བཅུ་ཆ་ལྔ་ཡིས་མང་བ་ཡོད་པ་རེད། ཟླ་བ་དགུ་པ་ནས་ཟླ་བ་བཅུ་པ་བར་རྨ་ཆུའི་སྟོད་རྒྱུད་ཀྱི་ཐང་ནག་ཆུ་དཔྱད་ས་ཚིགས་ཀྱི་ཟླ་རེའི་ཆ་སྙོམས་ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ1200དང་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ1530ཟིན་ནས་རྒྱུན་གཏན་ལོའི་དུས་མཚུངས་ལས་བཅུ་ཆ་གཅིག་དང་བཅུ་ཆ་དྲུག་གིས་མང་བ་ཡོད་པ་རེད།

“རྨ་ཆུའི་སྟོད་རྒྱུད་དུ་ཆུ་གསོག་ཚད་མང་དུ་ཕྱིན་པར་བརྟེན་དུས་ཡུན་རིང་པོའི་ནང་ས་ཁུལ་དེར་ཆུ་དཀོན་པའི་སྣང་ཚུལ་ལ་འགྱུར་ལྡོག་བྱུང་བ་མ་ཟད། མཚོ་སྔོན་གློག་ཤུགས་སྡེ་ཚན་གྱིས་གློང་གཏོང་ཚད་མང་དུ་གཏོང་བ་དང་། ཞིང་ཁར་ཆུ་འདྲེན་པ། ཆུ་མཛོད་ནང་ཆུ་གསོག་པ། ཆུ་རྒྱུད་ཀྱི་སྣོད་བཅུད་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད”ཅེས་མཱ་ཀྲེན་ལེང་གིས་དེ་ལྟར་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།