མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་རྒྱལ་ཁབ་ཀྱི་རེ་བ་ལྟར་དམིགས་བསལ་དཀའ་ཁག་ཡོད་པའི་མུ་འབྲེལ་ས་ཁུལ་དུ་བྱ་བ་སྒྲུབ་བཞིན་པའི་ཞིང་སྡེའི་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བའི་རྨང་གཞིའི་སྟེང་། མུ་འབྲེལ་ས་ཁུལ་མིན་པའི་དམིགས་བསལ་དཀའ་ཁག་ཅན་གྱི་ས་ཁུལ་ལ་རྒྱུན་སྲིང་ནས། ཞིང་སྡེའི་དགེ་རྒན་ལ་ཁ་གསབ་རོགས་དངུལ་སྟེར་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་འདི་ཡོངས་ཁྱབ་ཀྱི་སྲིད་ཇུས་སུ་སྒྱུར་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དགེ་རྒན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།

2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་བཞི་དང་ཞིང་སྡེའི་སློབ་གྲྭ་སྟོང་གཅིག་དང་སུམ་བརྒྱ་གོ་དགུ་ལ་ཁྱབ་པར་བྱས། དེའི་ནང་། 2016ལོར་འཚོ་བའི་རོགས་དངུལ་སྒོར་དུང་ཕྱུར་གཅིག་བྱིན་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར་བཞི་བརྒྱ་རེ་བྱིན་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དགེ་རྒན་ཁྲི་གཉིས་ལྷག་ལ་ཕན་ཁེ་བསྐྲུན། དཀའ་ཁག་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་ཚད་གཞི་ལྟར་ཟླ་རེར་མི་རེར་རིགས་གཉིས་པ་དང་གསུམ་པའི་ས་ཁུལ་ལ་སྒོར་སུམ་བརྒྱ་དང་ལྔ་བཅུ་རེ་དང་། རིགས་བཞི་བའི་ས་ཁུལ་ལ་སྒོར་བཞི་བརྒྱ་ལྔ་བཅུ་རེ་སྟེར་བ། རིགས་ལྔ་བ་དང་དྲུག་པའི་ས་ཁུལ་ལ་སྒོར་ལྔ་བརྒྱ་དང་ལྔ་བཅུ་རེ་སྟེར་བ་ཡིན་ཞིང་། གཙོ་བོར་མཐའ་མཚམས་ས་ཁུལ་གྱི་དཀའ་ཁག་ཆེ་བའི་སློབ་གྲྭ་དང་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭ་དང་ཞིང་སྡེའི་སློབ་ཆུང་བཅས་ལ་ཁ་ཕྱོགས་པ་རེད།

རྒྱུན་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དེ་ཟླ་རེ་རེ་བཞིན་སྟེར་བ་ཡིན་ཞིང་། བསྡུ་ལེན་དང་གདན་ཞུ་བྱས་པའི་ཞིང་སྡེའི་སློབ་གྲྭའི་དགེ་བཟོ་བ་ཡོད་ཚད་ལ་ཟླ་ཕོགས་སྟེར་བའི་ཟླ་ནས་བཟུང་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ་རེད། ཞིང་སྡེའི་སློབ་གྲྭའི་ལས་གནས་དང་བྲལ་བའམ་ཡང་ན་ལས་འཁྱུར་ངལ་གསོ་བྱས་པའི་དགེ་བཟོ་བར་ལས་གནས་ལས་བུད་པའི་ཟླ་རྗེས་མ་ནས་བཟུང་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་མཚམས་འཇོག་རྒྱུ་རེད། དེ་ལས་གཞན། རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཞིང་སྡེའི་སློབ་གྲྭ་རུ་སློབ་གསོར་རྒྱབ་སྐྱོར་བྱེད་པ་དང་ལས་འཁུར་བྱེད་པའི་དགེ་བཟོ་བས་བྱ་བ་བསྒྲུབ་པའི་དུས་སྐབས་སུ་ཞིང་སྡེའི་དགེ་རྒན་དང་འདྲ་བར་འཚོ་བའི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཐུབ་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།