ཡུལ་ཤུལ་གནམ་གྲུ་འབབ་ཐང་གིས་དུས་ཚིགས་བརྗེ་བའི་སྐབས་འདིར་ཟི་ལིང་ནས་ཡུལ་ཤུལ་དང་དེ་ནས་ལྷ་ས་བར་གྱི་མཁའ་ལམ་གསར་པ་བཏོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུའི་སྟེང་། ལྷ་སའི་མཁའ་འགྲུལ་གྱིས་ལག་བསྟར་འཕུར་བསྐྱོད་བྱས་པའི་ཟི་ལིང་ནས་ཡུལ་ཤུལ་དང་། དེ་ནས་ལྷ་ས་བར་གྱི་གནམ་གྲུ་དེ་བདེ་འཇགས་ཀྱི་ངང་ནས་སར་བབས། འདི་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་ཟིའི་རྗེས་ནས་ཁྲིན་ཏུའུ་ནས་ལྷ་ས་བར་མཁའ་ལམ་ཕྱེས་པའི་མཁའ་འགྲུལ་ཀུང་ཟི་གཉིས་པ་དེ་ཡིན་པ་དང་།དེས་ཡུལ་ཤུལ་ནས་ལྷ་ས་བར་དུ་གནམ་གྲུ་འཕུར་ཐེངས་ཉིན་རེར་ཡོད་པ་མངོན་འགྱུར་བྱས།

གཟའ་རེ་རེའི་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ཀྱི་ནང་དུ་ཐེངས་གཅིག་རེར་གནམ་གྲུ་འཕུར་སྐྱོད་བྱེད་པ་དང་། གནམ་གྲུ་ཆུ་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་ཟི་ལིང་ནས་འཕུར་བ་དང་ཆུ་ཚོད་བཅུ་དང་སྐར་མ་བཅུའི་སྟེང་ཡུལ་ཤུལ་ལ་འབབ་པ། ཆུ་ཚོད་བཅུ་གཅིག་སྟེང་ཡུལ་ཤུལ་ནས་འཕུར་ཏེ་ཆུ་ཚོད་བཅུ་གཉིས་དང་སྐར་མ་ཉེར་ལྔའི་སྟེང་ལྷ་ས་ལ་འབབ་རྒྱུ་རེད། ཕྱིར་ལོག་འཕུར་ཐེངས་གནམ་གྲུ་ནི་ཆུ་ཚོད་བཅུ་གསུམ་དང་སྐར་མ་ཉི་ཤུའི་སྟེང་ལྷ་ས་ནས་འཕུར་ཏེ་ཆུ་ཚོད་བཅུ་བཞི་དང་སྐར་མ་ཞེ་ལྔའི་སྟེང་ཡུལ་ཤུལ་ལ་འབབ་པ་དང་། ཆུ་ཚོད་བཅོ་ལྔ་དང་སྐར་མ་སོ་ལྔའི་སྟེང་ཡུལ་ཤུལ་ནས་འཕུར་ཏེ་ཆུ་ཚོད་བཅུ་དྲུག་དང་སྐར་མ་ལྔ་བཅུའི་སྟེང་ཟི་ལིང་ལ་འབབ་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་ཉིས་སྟོང་བཅུ་བདུན་དང་བཅོ་བརྒྱད་ཀྱི་དགུན་དཔྱིད་གཉིས་ཀྱི་མཁའ་འགྲུལ་དུས་ཚིགས་རྗེས་སུ་ཡུལ་ཤུལ་གནམ་གྲུ་ཐང་ནས་མཁའ་འགྲུལ་ཀུང་ཟི་བཞིས་མཉམ་གཅིག་ཏུ་སྐྱེལ་གཉེར་བྱེད་པ་ལག་བསྟར་བྱས་ཏེ། གནམ་གྲུ་ཤར་གཏོང་ཐུབ་པའི་ས་ཚིགས་ལྔ་དང་འཕུར་ལམ་དྲུག འཕུར་ཐེངས་སོ་དྲུག་བཅས་འཛུགས་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་ཡུལ་ཤུལ་ནས་ཟི་ལིང་བར་གཟའ་རེ་རེའི་འཕུར་ཐེངས་ཉེར་གཉིས་དང་ཞི་ཨན་ལ་འཕུར་ཐེངས་བདུན། ཁྲིན་ཏུའུ་ལ་འཕུར་ཐེངས་བདུན། ལྷ་སར་འཕུར་ཐེངས་བདུན། པེ་ཅིང་ལ་འཕུར་ཐེངས་གཉིས་བཅས་ཡོད་པ་དང་།ཡུལ་སྐོར་བ་ཉུང་བའི་དུས་ལའང་འཕུར་ཐེངས་ཇེ་ཉུང་དུ་མི་གཏོང་ལ་ད་དུང་འཕུར་ཐེངས་ཁ་སྣོན་རྒྱག་ཐུབ་པའི་སྐྱེལ་གཉེར་རྣམ་པ་བཟང་པོ་ཞིག་བཏོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།