འཐུས་མི་ཝང་ཅན་ཅུན་གྱིས་མཚོ་སྔོན་གྱིས་ལྗང་མདོག་གི་འཕེལ་རྒྱས་སྤེལ་བའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10པའི་ཚེས19ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མཚོ་སྔོན་གྱི་ལྗང་མདོག་གི་འཕེལ་རྒྱས་སྤེལ་བའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

      གསར་འགོད་པས་ཧྲིན་ཀྲང་ཝང་ཅན་ཅུན་ལ། མཚོ་སྔོན་གྱིས་བསྒྱུར་བ་བཞི་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཤིང་། དེའི་ཁྲོད་ཀྱི་བསྒྱུར་བ་གཅིག་ནི་དཔལ་འབྱོར་ཞན་པའི་ཞིང་ཆེན་ནས་སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་དུ་བསྒྱུར་དགོས་ཞེས་པ་དེ་ཡིན། འོ་ན་ཁྱོད་ལ་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་འདི་ཉིད་དངོས་ཡོད་དཔལ་འབྱོར་དགེ་མཚན་དུ་བསྒྱུར་བའི་སྐོར་ལ་ལྟ་སྟངས་ག་འདྲ་ཡོད། ལྗང་མདོག་གི་འཕེལ་རྒྱས་རྩེ་གྲ་རུ་བསླེབ་ཐུབ་བམ་ཞེས་དྲིས་པ་ན། ཝང་ཅན་ཅུན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་ནས་བཤད་རྒྱུར། ཐོག་མར་ངས་འདི་ནས་ཆེ་ཆུང་མང་ཉུང་དང་ཀྲུང་གོའི་སྲོལ་རྒྱུན་གྱི་ས་ཆུ་མེ་རླུང་ལྕགས་བཅས་ཀྱི་འབྱུང་བ་ལྔའི་བཤད་སྲོལ་ལ་བརྟེན་ནས་མཚོ་སྔོན་གྱི་གནས་བབ་དང་ཁྱད་ཆོས་ཞིབ་བརྗོད་བྱས་ན་འདི་ལྟར་ཡིན་ཏེ། ཆེན་པོ་ཞེས་པ་ཡིས་མཚོ་སྔོན་ནི་རྒྱལ་ཡོངས་ལས་ས་རྒྱ་ཆེ་བ་ཡིན་པ་བསྟན་པ་དང་། ཆུང་ངུ་ཞེས་པ་ཡིས་མཚོ་སྔོན་འདི་ཉིད་དཔལ་འབྱོར་གྱི་སྤྱི་གྲངས་ཆུང་བའི་ཞིང་ཆེན་ཞིག་ཡིན་པ་བསྟན་པ། མང་པོ་ཞེས་པ་ཡིས་མཚོ་སྔོན་འདི་ཉིད་མི་རིགས་འདུས་སྡོད་མང་པོའི་ས་ཆ་ཞིག་ཡིན་པ་བསྟན་ལ། མི་རིགས་ང་དྲུག་ལས་ལྷོ་པ་རིགས་མ་གཏོགས་གཞན་ཚང་མ་འདུས། ཉུང་བ་ཞེས་པ་ཡིས་མཚོ་སྔོན་གྱི་མི་གྲངས་ཉུང་བ་བསྟན་ལ། ཞིང་ཆེན་ཡོངས་སུ་སྤྱིའི་མི་གྲངས་ས་ཡ་ལྔ་དང་འབུམ་དགུ་ཁྲི་གསུམ་ལས་མེད། ལྕགས་ཀྱིས་མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་མཚོན་ལ། ཤིང་གིས་མཚོ་སྔོན་གྱི་ད་ཡོད་ནགས་ཚལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་བྱེ་བ་གཅིག་ལྷག་ཡོད་པ་མཚོན། ད་ཡོད་ནགས་ཚལ་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གསུམ་ཟིན། ཆུ་ཡིས་མཚོ་སྔོན་འདི་ཉིད་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་ལྕོག་ཡིན་པ་བསྟན་ཡོད། མེ་ཡིས་མཚོ་སྔོན་འདི་རུ་ཉི་འོད་ནུས་པའི་ཐོན་ཁུངས་འཛོམས་པོ་ཡིན་པ་མཚོན་ཡོད། ས་ཡིས་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་འབྲོག་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པ་མཚོན་ཡོད་ལ། ཞིང་ཆེན་ཡོངས་སུ་སྤྱོད་རུང་བའི་རང་བྱུང་རྩ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་ལྔ་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།