མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བའི་པར་གཞི་གསར་བ་དངོས་སུ་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན། རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བའི་སྟ་གོན་ལ་ཚ་ཚ་འུར་འུར་གྱིས་འབད་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་རྒྱལ་སྤྱི་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་ངོས་གསར་བརྗེས་ཀྱི་ལས་ཡོངས་སུ་འགྲུབ་ནས་དེ་རིང་དངོས་སུ་ཤར་གཏོང་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ་ནི་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ལ་དུས་ཐོག་ཏུ་སྲིད་དོན་ཆ་འཕྲིན་ཐད་ཞབས་ཞུ་འདོན་པའི་སྟབས་བདེའི་སྟེགས་བུ་ཞིག་ཡིན་ཞིང་། བོད་རིགས་མང་ཚོགས་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་རྒྱུས་ལོན་བྱེད་སའི་སྒོ་མོ་ལྟ་བུ་ཡིན། ཐེངས་འདིར་ཤར་གཏོང་བྱས་པའི་སྲིད་གཞུང་བོད་ཡིག་དྲ་བའི་པར་གཞི་གསར་བས་སྦྲེལ་དྲའི་སྨྱན་བྱད་གསར་བའི་འཕེལ་རྒྱས་གྱི་གོམ་སྟབས་དང་བསྟུན་ནས་དྲ་གྲོགས་རྣམས་ཀྱི་མོས་པ་དང་འཚམ་པའི་དྲ་ངོས་ཇུས་འགོད་བྱས་ཡོད་ལ།  ལེ་ཚན་ཇུས་འགོད་ཐད་ནས་མང་ཚོགས་ལ་མཁོ་ཆེ་ཞིང་། སྲིད་གཞུང་བྱེད་ནུས་གཙོར་ཐོན་པར་བྱས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་དང་དམངས་ལན་གཞུང་འདེབས། བློ་འདྲི་སྟེགས་བུ། སྲིད་གཞུང་གི་ཡིག་སྒམ་བཅས་གསར་སྣོན་བྱས་ཡོད། ལག་རྩལ་གྱི་ཐད་ནས་གློག་ཀླད་དང་ཁ་པར་གྱི་སྣེ་གཉིས་ཟུང་འབྲེལ་སྒོས་འཇུག་བདེ་ཞིང་།  ཁ་པར་ནང་ཇུས་འགོད་བྱས་པ་མིག་ལ་རན་ཞིང་སྒྲིག་གཞི་གྲལ་དག་པ་དང་འཇུག་སླ་བ་བཅས་སྨྱན་བྱེད་གསར་བའི་དུས་ཀྱི་དགོས་མཁོ་དང་བསྟུན་ཡོད།  གཞན་བོད་ཡིག་མ་ལག་ནང་འཇུག་བྱས་མེད་པའི་ཁ་པར་དག་གིས་ཀྱང་བོད་ཡིག་གི་གསར་འགྱུར་ལ་ལྟ་ཐུབ་པ་བཅས་པར་ངོས་གསར་བ་འདིར་སྲིད་དོན་སྐོར་དང་གཞུང་ཡིག  སྲིད་དོན་ཆ་འཕྲིན་ཡོངས་བསྒྲགས། བོད་ཡུལ། དྲ་ངོས་བློ་འདྲི། སྐྱེ་ཁམས་སྲུང་སྐྱོབ།  མཛེས་པའི་ཕ་ཡུལ། དམངས་ལ་ཞབས་འདེགས་ཞུ་བ། བཅའ་ཁྲིམས་ཁྲིམས་སྲོལ། ཆེད་བསྒྲིགས་ལེ་ཚན་དང་ཆེད་དོན་བཅས་སྣ་ཁ་བཅུ་གཉིས་འདུས།   མཚོ་སྔོན་སྲིད་གཞུང་བོད་ཡིག་དྲ་བའི་དྲ་གནསhttp://tibetan.qh.gov.cnབརྒྱུད་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བར་འཇུག་ཐུབ། 

 ད་ཐེངས་དྲ་ཚིགས་གསར་བ་ཤར་གཏོང་བྱས་པ་དེས་ཞིང་འབྲོག་ལས་བྱེད་མང་ཚོགས་ཀྱིས་དུས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་། ཞིང་ཆེན་ཏང་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་འབྲེལ་ཡོད་ཡིག་ཆ་དྲིལ་སྒྲོག་བྱེད་བདེ་ལ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་རྒྱུས་ལོན་བྱེད་བདེ་བ། དམངས་ཀྱི་འཚོ་བའི་གནས་བབ་བཅས་ལ་རྒྱུས་ལོན། མང་ཚོགས་དང་འབྲེལ་བ་དམ་དུ་སྦྲེལ་ནས་རིག་གནས་སློབ་གསོ་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཚན་རིག་ཤེས་བྱ་དྲིལ་སྒྲོག་དང་བདེན་སྟོབས་ཀྱི་སྙིང་སྟོབས་བསྐྱེད་སྲིང་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་འདོན་བཞིན་ཡོད་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། དུས་མཚུངས་སུ་དྲ་ཚིགས་ཀྱིས་གཞི་རིམ་ན་སྐད་གཉིས་སྤྱོད་པའི་ལས་བྱེད་པར་གཞུང་ཡིག་དང་གཞུང་ལས་ཐད་ལ་སྟབས་བདེ་བསྐྲུན་ཡོད་པ་རེད། 

མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་ངོས་གསར་བ་ཤར་གཏོང་བྱས་པ་འདིས་མ་འོངས་བོད་ཀྱི་སྨྱན་བྱེད་གསར་བའི་གཙོ་རྒྱུགས་རིག་གནས་ལ་ནུས་པ་ཆེན་པོ་ཐོན་ཐུབ་ཏེ། གང་མྱུར་སྒོས་སྲིད་ཇུས་ཡིག་ཆ་དང་སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཐུབ་པ་དང་། སྤྱི་དམངས་ལ་ཞབས་ཞུ་མཁོ་འདོན་དང་ཡང་ན། སྲིད་ཇུས་དང་དེའི་འབྲེལ་གྱི་བྱ་བ་གཞན་དག་དྲ་བ་འདི་བརྒྱུད་ནས་གསལ་བོར་ཤེས་ཐུབ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།