ད་ལོའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང300ཡི་འཛུགས་སྐྲུན་ཡོངས་སུ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ཀྱི་ཡུལ་དངོས་ཚོགས་འདུའི་སྟེང་ནས་ཤེས་གསལ་ལྟར་ན། ཟླ7པའི་ཟླ་མཇུག་བར། ད་ལོའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང300ཡི་འཛུགས་སྐྲུན་ཡོངས་སུ་སྤེལ་བ་དང་། ཉེན་ཁང་དང་ཁང་རྙིང་ཁྱིམ་ཚང་ཁྲི6གི་བསྒྱུར་བཀོད་ལས་འགན་གྱི་མགོ་ཚུགས་ཚད79%ལ་སླེབས་པས། བྱ་བ་སོ་སོའི་སྤེལ་ཚུལ་བདེ་བླག་རེད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཡང་དག་པའི་འོག ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཏང་སྲིད་དམག་ཁེ་ཡིས་མཉམ་སྐྲུན་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན། ཞིང་གྲོང་གི་བྱ་དགའ་རང་བཞིན་གྱི་སྡོད་ཁང་། རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་སོགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་སྡེ་འཛུགས་སྐྲུན་དང་ཁོར་ཡུག་དག་ཐེར། ལས་དར་དམངས་ཕྱུག དོ་དམ་གསར་སྐྲུན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། མིག་སྔའི་བར་མཛེས་པའི་ཡུལ་གྲོང900ཡི་འཛུགས་སྐྲུན་ལས་འགན་གྲུབ་པ་དང་། ཞིང་གྲོང་གི་ཁྱིམ་ཚང་ཁྲི50.2ཀྱི་སྡོད་ཁང་བསྒྱུར་བཀོད་བཟོ་འགོད་ལག་ཏུ་བསྟར་ཅིང་། ཞིང་ཆེན་ཡོངས་ཀྱི་གྲོང་སྡེ21.72%ཀྱི་རྣམ་པ་གསར་པར་གྱུར། རོང་འབྲོག་ཁྱིམ་ཚང59.14%ཁང་པ་གསར་པར་སྤར། ས་ཞིང་མཛེས་པ་དང་གྲོང་སྡེ་མཛེས་པ། འཚོ་བ་བདེ་སྐྱིད་བཅས་ཀྱི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སྐོར་ཞིག་གིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་ཡོང་བར་སྣེ་ཁྲིད་བྱས།

ཤེས་གསལ་ལྟར་ན། ད་ལོའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་བར་ད་དུང་ལྷང་ངེ་ས་ཞིག་ཡོད་པ་ནི། ཐོག་མར་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པ་གཉིས་ཀྱི་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་བརྒྱུད་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་གི་ཁ་གྲངས་བགོད་པ་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་མིང་ཐོ་གཏན་འཁེལ་བྱས་ཏེ། ལས་གཞི་བགོ་བཤའི་བཅོས་བསྒྱུར་གྱི་འགག་སྒྲོལ་གསར་པ་མངོན་འགྱུར་བྱས།

རྗེས་སུ་རང་ཞིང་གིས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་གནད་ཆེ་ས་བྱས་ཏེ། ཡུལ་གྲོང་གི་བགྲོད་ལམ་དང་མི་ཕྱུགས་འཐུང་ཆུ། གློག་དྲ་བསྒྱུར་བཀོད། ཡུལ་གྲོང་གསལ་བསྒྱུར། རྒྱང་སྒྲོག་བརྙན་འཕྲིན། འཕྲིན་འབྲེལ་དྲ་བ། དེ་མིན་སློབ་གསོ་དང་སྨན་བཅོས། རྒན་གསོ་ཞབས་ཞུ། གློག་ཚོང་སྟེགས་བུ་སོགས་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་བཅོས་ཤུགས་ཆེན་པོས་སྤེལ་ནས། ཡུལ་གྲོང་གི་མཛེས་བསྒྱུར་གསལ་བསྒྱུར། ལྗང་བསྒྱུར་བྱ་བར་སྐུལ་འདེད་བྱེད་པ་དང་། གྲོང་སྡེའི་བགྲོད་ལམ་དང་ཆུ་གཏོང་ཕུད།སྙིགས་རོ་དང་བཙོག་ཆུ་ཐག་གཅོད་སོགས་སྤྱི་སྤྱོད་སྒྲིག་བཀོད་ཀྱི་ཡུན་རིང་དོ་དམ་ལམ་ལུགས་འཛུགས་པར་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་ཏེ། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མུ་མཐུད་དུ་ནུས་པ་འདོན་པར་ཁག་ཐེག་བྱེད་དགོས། དུས་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་ཡུལ་གྲོང་སྐོར་ཐེངས་ལྔ་པའི་ཡར་ཞུ་བྱ་བ་ཧུར་བརྩོན་གྱིས་སྤེལ་ནས། རང་ཞིང་གི་ཡུལ་གྲོང་སྔར་ལས་མང་པོ་ཀྲུང་གོའི་སྲོལ་རྒྱུན་ཡུལ་གྲོང་མིང་ཐོར་འགོད་པ་བརྩོན་ལེན་ཅི་ཐུབ་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།