ཝང་ཡུས་པའོ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཞ་མིན་ཚོང་གཏམ་གྲོས་ཚོགས་སྟེང་གི་མཚོ་སྔོན་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཞ་མིན་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་མཛེས་སྡུག་ལྡན་པའི་ལུའུ་ཏའོ་ནས་མགོ་རྩོམ་མཛད་སྒོ་བསྡུས་ཤིང་། མཚོ་སྔོན་གྱིས་སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་འཕེལ་རྒྱས་ཞེས་པ་བརྗོད་དོན་དུ་བཟུང་ནས་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་བྱ་འགུལ་སྟེང་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་གསེར་མདོག་གི་ལོ་ངོ་བཅུ་ཞེས་པ་བརྗོད་སྙིང་ཡིན་པའི་གླེང་སྟེགས་སྟེང་ཞུགས་པར་མ་ཟད། མཚོ་སྔོན་གྱི་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས།

ཝང་ཡུས་པོ་ཡིས་མཚོ་སྔོན་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞ་མིན་ཚོང་གཏམ་གྲོས་ཚོགས་ནི་རྒྱལ་ནང་གི་དངུལ་གཏོང་ཚོང་ཚོགས་ཆེན་མོ་ཞིག་ཡིན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་དངུལ་གཏོང་ཉོ་ཚོང་ཁྱབ་ཁོངས་ཆེར་བསྐྱེད་གཏོང་བའི་གར་སྟེགས་ཆེན་མོ་ཞིག་ཀྱང་ཡིན། མཚོ་སྔོན་འཕེལ་རྒྱས་སུ་འགྲོ་དགོས་ན། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ཤིང་། ཕྱིར་གཏོང་བྱེད་ཐུབ་པ་དང་ནང་འདྲེན་བྱེད་ཐུབ་པའི་བྱེད་ནུས་མཐོར་འདེགས་སུ་བཏང་མཐར། འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་མོ་ཞིག་བཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འདུ་ཤེས་གསར་བ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་བླང་བྱ་ལྟར་དུ། སྒོ་འབྱེད་འདུ་ཤེས་ཡིད་ལ་བརྟན་པོར་ཉར་དགོས་ཤིང་། མིག་རྒྱང་རིང་བོ་བཅངས་པ། འཕེལ་རྒྱས་ཀྱི་བར་སྟོང་ཡངས་བོར་འབྱེད་པ། སྒོ་འབྱེད་ཀྱི་བྱེད་ནུས་མཐོར་འདེགས་གཏོང་བ་བཅས་ལ་འབད་དེ། བརྗེ་རེས་འགྲོ་འོང་གི་ཁྲོད་ནས་གཞི་མཐུན་འཚོལ་དགོས་ཤིང་། ཚོང་འགུགས་དངུལ་འདྲེན་གྱི་ཁྲོད་ནས་འཕར་ཚད་འཚོལ་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།