མཚོ་སྔོན་གྱིས་སྒེར་གྱིས་འོ་མ་ཐོན་སྐྱེད་ཕྱིར་འཚོང་དང་ཡུལ་དངོས་ནས་སྒྲིག་བཟོ་ཕྱིར་འཚོང་བྱེད་པའི་འོ་ཟས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་ཇེ་དྲག་ཏུ་གཏང་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཁར་གྲོང་གི་སྡོད་ཁུལ་མང་ཆེ་བའི་ཉེ་འགྲམ་དུ་རྒྱུན་དུ་འོ་མ་འཚོང་མཁན་མང་བོ་ཞིག་འདུག གལ་ཏེ་དུག་སེལ་བྱས་པ་དེ་འདྲ་ལེགས་པོ་ཞིག་མིན་ཚེ་འདི་ལྟ་བུའི་འོ་མ་ལ་གནད་དོན་ཡོད་སྲིད། ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཟས་རིགས་བདེ་འཇགས། འོ་ཟས་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱ་ཆེད་རང་ཞིང་གིས་སྒེར་གྱིས་ཐོན་སྐྱེད་ཕྱིར་འཚོང་དང་ཡུལ་དངོས་ནས་སྒྲིག་བཟོ་ཕྱིར་འཚོང་བྱེད་པའི་འོ་ཟས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་ཇེ་དྲག་ཏུ་གཏང་རྒྱུ་རེད།

ཉེ་བའི་ལོ་འདི་འགར་རང་ཞིང་གི་ས་ཁུལ་སོ་སོ་ནས་ཕྱུགས་ཟོག་གསོ་སྐྱོང་བྱས་ཏེ་སྒེར་གྱིས་འོ་མ་ཐོན་སྐྱེད་ཕྱིར་འཚོང་དང་ཐོན་སྐྱེད་ལས་སྣོན་ཁང་ཆུང་བ། ཟ་ཁང་ཆུང་བའི་རིགས་སོགས་ཀྱི་འོ་ཟས་ཉོ་འཚོང་བྱེད་མཁན་ལོ་རེ་བཞིན་ཇེ་མང་ལ་འགྲོ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་སྒེར་གྱིས་འོ་མ་ཐོན་སྐྱེད་ཕྱིར་འཚོང་དང་འོ་མ་གསར་བ(ཡུལ་དངོས་ནས་སྒྲིག་བཟོ་བྱས་ཏེ་ཉོ་འཚོང་བྱེད་མཁན)། ཟས་རིགས་ལས་སྣོན་བྱེད་ས་དང་ཟ་ཁང་ཆུང་བ་སོགས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་རྟོག་ཞིབ་བྱ་བ་མགྱོགས་མྱུར་གྱིས་སྤེལ་ཏེ། འོ་མའི་སྤུས་ཚད་བདེ་འཇགས་ཀྱི་གནས་ཚུལ་དང་ཕྱིར་འཚོང་བྱེད་ཡུལ་སོགས་གསལ་བོར་ཤེས་སུ་འཇུག་དགོས། རྒྱུན་དུ་ཟས་རིགས་བདེ་འཇགས་ཆ་རྐྱེན་དང་མི་མཐུན་པ་དང་བཅོས་སྒྱུར་བྱས་རྗེས་སྔར་བཞིན་ཆ་རྐྱེན་དང་མི་མཐུན་པའི་ཟས་རིགས་ཐོན་སྐྱེད་ཕྱིར་འཚོང་ལས་ཁུངས་དག་ཁྲིམས་ལྟར་འབྲེལ་ཡོད་ཚོང་གཉེར་གྱི་ལག་རྟགས་ཡི་གེ་སོགས་མེད་པར་གཏང་རྒྱུ་རེད།

ས་ཁུལ་སོ་སོས་སྒེར་གྱིས་འོ་མ་ཐོན་སྐྱེད་ཕྱིར་འཚོང་དང་ཐོན་སྐྱེད་ལ་བཟོ་བཅོས་བྱེད་ས་སོགས་ཀྱི་ལྟ་ཞིབ་བྱ་བ་སྤེལ་བར་རྩ་འཛུགས་བྱས་ཏེ། ཐོན་སྐྱེད་ཚོང་གཉེར་མཁན་གྱིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་གཟབ་ནན་གྱིས་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས། བཀོལ་སྤྱོད་བྱེད་པའི་འོ་ཟས་ལ་ངེས་པར་དུ་ཞིང་ལས་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་ཚད་ལྡན་ཡིན་དགོས་ལ་འབྲེལ་ཡོད་ཆ་རྐྱེན་དང་ཡང་མཐུན་དགོས།

བཀག་སྡོམ་ཚད་བཀག་ལས་བརྒལ་བའི་ཟས་རིགས་སྦྱོར་རྫས་དང་ཁྲིམས་འགལ་གྱིས་ཟས་རིགས་དངོས་རྫས་མ་ཡིན་པ་བཀོད་སྤྱོད་མཁན་ལ་རྡུང་རྡེག་ནན་མོ་བྱས་ཏེ་ཆད་པ་གཅོད་དགོས། ཞིབ་བཤེར་བྱས་པའི་གྱོད་དོན་དུས་ལྟར་ཐོ་འགོད་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ནག་ཉེས་གསོག་མཁན་དུས་ལྟར་སྤྱི་བདེ་ལས་ཁུངས་ལ་སྤྲོད་དགོས། དུས་མཚུངས་སུ་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཛད་སྤྱོད་པར་ཐོན་སྐྱེད་ཚོང་གཉེར་གྱི་ལག་རྟགས་མེད་པ་དང་ཡོང་ཁུངས་མི་གསལ་བ། ཚོང་རྟགས་གསལ་བོ་མིན་པ་སོགས་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་ཡོད་པའི་འོ་ཟས་རིགས་མངགས་ཉོ་བྱེད་མི་རུང་བའི་གསལ་བརྡ་གཏོང་དགོས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།