ཐིན་ཅཱ་ཚའེ་ཡིས་ཧུའུ་ཀྲུའུ་རྫོང་གི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ལེགས་སྒྲིག་བྱ་བར་གསང་བའི་སྒོ་ནས་འདྲི་རྟོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཐིན་ཅཱ་ཚའེ་ཡིས་བརྡ་མ་བརྒྱབ་པ་དང་ལམ་ཐིག་ངེས་མེད་ཀྱི་སྒོ་ནས། རླངས་འཁོར་སྟབས་བདེ་ལ་བསྡད་དེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་བྱ་བས་སྒྲུབ་འགན་བཞག་པའི། གནད་དོན་ལེགས་སྒྲིག་དངོས་འབེབས་གནད་དོན་ལ་གསང་བའི་སྒོ་ནས་འདྲི་རྟོག་བྱས། ཁོ་སྔ་གཞུག་ཏུ་ཧ་ལ་ཀྲི་ཁུགས་ཞང་གི་ཞན་ཡོན་སྡེ་བ་དང་ཡན་ཁྲང་སྡེ་བ་སོགས་སུ་སོང་ནས་ལེགས་སྒྲིག་ཡུལ་དངོས་ལ་བལྟས་ཏེ། ལས་བྱེད་མང་ཚོགས་དང་ལྷན་དུ་བརྗེ་རེས་གཏིང་ཟབ་བྱས་ཤིང་། ཞིབ་ཕྲའི་ལེགས་སྒྲིག་བྱེད་ཕྱོགས་ལ་འདྲི་རྟོག་དང་ཞིབ་ལྟ་བྱས་པར་མ་ཟད། གསང་བའི་སྒོ་ནས་རྫོང་དང་ཞང་གི་འགན་ཁུར་བློ་མཐུན་ལ་བསམ་འཆར་ཡོད་མེད་སྐོར་ནས་འདྲི་རྟོག་བྱས།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བར་མ་ཆད་པའི་སྒོ་ནས་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་བཏང་ནས། མི་ཚང་མ་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་པ་དང་། མཉམ་དུ་དོ་དམ་དང་དམ་འཛིན་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་བྱེད་དགོས། གནད་དོན་ཁ་ཕྱོགས་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བསྐྱུར་མི་རུང་བ་བཞིའི་ཚད་གཞི་ལྟར་དུ། ལེགས་སྒྲིག་དངོས་འབེབས་བྱ་བ་ཁ་མིན་དོན་གྱིས་དམ་འཛིན་བྱེད་དགོས། གནད་དོན་ཕྱིར་འདོན་གྱི་གནས་ཚུལ་མཐའ་གཅིག་ཏུ་བཀག་ནས། མང་ཚོགས་ཉེ་འཁོར་ན་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་པར་ཤུགས་བཏོན་ཏེ། མང་ཚོགས་རྣམས་ལ་དག་གཙང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་འདོན་སྤྲོད་བྱས་མཐར། མང་ཚོགས་ཀྱི་འཚོལ་སྙེག་རེ་བ་ཇེ་མཐོར་གཏོང་དགོས་ཞེས་བསྟན།

ཐིན་ཅཱ་ཚའེ་ཡིས་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྡེ་བ་རིམ་པའི་སྐབས་བརྗེ་སྟ་གོན་བྱ་བ་བཟང་བོར་བསྒྲུབ་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན། འགན་འཁྲི་རྩད་གཅོད་སོགས་ཀྱི་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་སྐོར་ནས་བླང་བྱ་ནན་མོ་བཏོན།  ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།