“དགའ་བ་གསུམ”གྱི་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཞུགས་པའི་རྫ་སྟོད་ཀྱི་དགེ་སློབ་འཚམ་འདྲི་ཚོགས་པ་པེ་ཅིན་དུ་འབྱོར་བ།

1503333231676287.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ།བསམ་འཕེལ་ནོར་བུ།ཀྲུང་ཙི་ཀྲིན།)ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོར། 《བདེན་འཚོལ》ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི“དགའ་བ་གསུམ”གྱི་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཞུགས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་དགེ་རྒན་དང་སློབ་མ83བདེ་བླག་ངང་པེ་ཅིན་དུ་འབྱོར་ལ། 《བདེན་འཚོལ》ཚགས་པར་ཁང་གི་ཧྲའེ་ཀྲང་ལའེ་ཅེ་དང་། དྲུང་ཡིག་ཆེན་མོ་ལེའུ་ཡན་ཧྭ། པེ་ཅིན་ན་གཞོན་ཆབ་སྲིད་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲའོ་གོ་ཆེན་སོགས་འབྲེལ་ཡོད་མགོ་ཁྲིད་པེ་ཅིན་ནུབ་ཀྱི་མེ་འཁོར་ས་ཚིགས་སུ་ཕེབས་ནས་དགེ་སློབ་རྣམས་ལ་བསུ་བ་བྱས།

1503333230415813.jpg

སྟབས་བདེའི་བསུ་མའི་མཛད་སྒོ་མཇུག་རྫོགས་རྗེས། དགེ་སློབ་རྣམས་རླངས་འཁོར་ལ་བསྡད་དེ་སྡོད་གནས་སུ་ཆས་ཤིང་། ལམ་བར་དུ་བྱིས་པ་ཚོས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཁྲང་ཨན་སྲང་ལམ་ཆེན་མོའི་དཀྱེལ་ཆེ་བའི་གཞུང་ལམ་དང་ཁོད་ཡངས་བའི་ཁང་བརྩེགས་མཐོང་བས། མཚར་སྣང་དང་སྤྲོ་སྣང་གིས་རབ་ཏུ་ཁེངས་པའི་བྱིས་པ་ཚོས“པེ་ཅིན་ཅི་འདྲའི་ཆེའང་།”“པེ་ཅིན་ཅི་འདྲའི་མཛེས་འང་།”ཞེས་ངག་ནས་སྨོན་པ་ཤོར།

ཐེངས་དང་པོར་ཕ་ཡུལ་དང་གྱེས་ནས་ཐེངས་དང་པོར་ཐོག་བརྩེགས་ཅན་གྱི་མགྲོན་ཁང་དུ་སྡོད་པ་འདི་ལོ་ན་བཅུ་ཡས་མས་ཀྱི་བྱིས་པ་ཚོར་མཚོན་ན་བསམ་པའི་གནོན་ཤུགས་ཅུང་ཙམ་ཡོད་མོད།  《བདེན་འཚོལ》ཚགས་པར་ཁང་གིས་ཆེད་དུ་མི་སྣ་བཀོལ་སྒྲིག་བྱས་ཏེ།སློབ་གྲོགས་ཚོའི་ཉིན་འདི་གའི་གནས་མལ་དང་ཟས་གོས་སོགས་ཀྱི་ཐད་དོ་སྣང་བྱེད་དགོས་པའི་ཕྱོགས་ནས་རེ་རེ་བཞིན་སེམས་ཞིབ་མོའི་གསལ་བཤད་དང་དཔེ་སྟོན་བྱས་པས། སློབ་གྲོགས་ཚོའི་སེམས་དེ་མ་ཐག་བདེ་ལ་བབས།

fe88b14c8b1cb52d0c7e37b9da462ae6.jpg

བདེན་འཚོལ་དྲ་བའི་གསར་འགོད་པ་ཀྲོ་མེན་ཅོ་ཡིས་བཤད་རྒྱུར། “ང་ཚོས་མ་འོངས་ཉིན་བཅུ་ཡི་ནང་བྱིས་པ་ཚོ་དང་མཉམ་དུ་འཚོ་བ་རོལ་རྒྱུ་ཡིན་ལ། བྱིས་པ་རྣམས་ཀྱིས་ང་ཚོའི་ལྷག་སེམས་དེ་དང་ལེན་བྱེད་ཐུབ་པ་དང་། བྱ་འགུལ་འདི་བྱིས་པ་ཚོར་མཚོན་ན་ཐུན་མོང་མ་ཡིན་པའི་འགྲུལ་བཞུད་ཐེངས་ཤིག་ཏུ་འགྱུར་རྒྱུ་ནི་ང་ཚོའི་རེ་འདུན་ཡིན”ཟེར།  །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།