ཝང་ཅན་ཅུན་གྱིས་ལྕགས་སྡོང་ལས་སྣོན་བྱེད་ས་རྙིང་བའི་སྐྱུར་བཀྲུ་འཁོར་ཁང་གི་ས་རྒྱུ་ཉམས་གསོའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མཚོ་སྔོན་ལྕགས་སྡོང་ལས་སྣོན་བྱེད་ས་རྙིང་བ་ནས། སྐྱུར་བཀྲུ་འཁོར་ཁང་གི་ས་རྒྱུ་ཉམས་གསོ་བྱ་བར་རྟོག་ཞིབ་བྱས།

ཝང་ཅན་ཅུན་གྱིས་རྟོག་ཞིབ་བྱེད་སྐབས་ཁེ་ལས་ཀྱི་ཐོན་སྐྱེད་དང་ཉོ་འཚོང་། ལག་ཤེས་བཟོ་ལས་འཁོར་རྒྱུག འབག་བཙོག་བཅོས་སྐྱོང་བྱེད་པའི་ལག་རྩལ། འབག་བཙོག་གི་མགོ་ཁུངས་ཐག་གཅོད་ནན་མོ་བྱེད་པ། སྲ་གཟུགས་འདོར་དངོས་ཕྱིར་གསབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་ལྟར་རང་རྟོགས་སྒོས་འབག་བཙོག་བཅོས་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ལ་བསྟར་ཚད་བཅས་ལ་ཁས་ལེན་གང་ལེགས་བྱས།

ཁོས་བསྟན་དོན། ཁེ་ལས་ཡོད་ཚད་ཀྱིས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་རུང་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་རང་རྒྱུད་ལ་བརྟན་པོར་ཉར་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ནི་ཁེ་ལས་ཀྱི་ཚེ་སྲོག་སྐུད་རྒྱུན་ལ་བལྟ་དགོས་ཤིང་། ལྗང་མདོག་འཕེལ་རྒྱས་ལ་འཚོལ་སྙེག་བྱེད་རྒྱུ་ནི་རིན་ཐང་དམིགས་འབེན་མཐོ་ཤོས་སུ་བརྩིས་ཏེ། ཚན་རྩལ་ཡར་ཐོན་དང་གསར་གཏོད་སྒུལ་སྤེལ་ལ་གཞི་བརྟེན་བཅོལ་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་ནི་ཁེ་ལས་འཕེལ་རྒྱས་ཀྱི་གོ་གནས་དང་པོར་འཇོག་དགོས། ཤུགས་ཆེན་པོས་ཁེ་ལས་དང་ཐོན་སྐྱེད། ལག་ཤེས་བཟོ་ལས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་ཇེ་མཐོར་གཏོང་བ། ཁེ་ལས་ཀྱི་སྣང་བརྙན་ལེགས་པོ་བསྐྲུན་པ་བཅས་ལ་འབད་མཐར། ཁེ་ལས་ཀྱི་ལྗང་མདོག་དང་བདེ་ཐང་གཉིས་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་འདྲ་མཉམ་དྲང་གཞག་གི་སྤྱི་བའི་ཐོན་རྫས་ཡིན་པ་དང་། དམངས་ཡོངས་ལ་ཆེསཕན་པའི་དམངས་ཚིས་འབྱོར་བ་ཡང་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་མེད་ན། རྒྱ་ཆེ་བའི་མང་ཚོགས་ཡོངས་ཀྱི་ཆུ་དྭངས་མོ་འཐུང་མི་ནུས་ལ། གསར་རྐྱང་གི་མཁའ་དབུགས་རྔུབ་ཐབས་བྲལ། བདེ་ཐང་གི་ཟས་རིགས་ལོངས་སྤྱོད་བྱེད་མི་ཐུབ་པར་མ་ཟད། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་ཐོབ་བྱ་་ཚང་མ་མར་ནས་མར་ལ་འགྲིབ་ངེས་ཡིན་ཞེས་བསྟན།

ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་རྟོག་ཞིབ་བྱེད་རོགས་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།