ཝང་ཞའོ་ཆིན་གྱིས་ཆུ་དམར་ལེབ་ནས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་གནས་སྤོར་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་དབུལ་ཐར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཐོག་ཏུ་སོང་ནས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་གནས་སྤོར་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་དབུལ་ཐར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝང་ཞའོ་ཆིན་ཆུ་དམར་ལེབ་རྫོང་གི་ཡོས་གི་སླང་ལེབ་སར་སོང་ནས། ཡུལ་དངོས་ནས་རྨ་ཆུའི་མགོ་ཁུངས་ཀྱི་བརླན་ས་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་བལྟས། ཁོས་བསྟན་དོན། ཉེ་བའི་ལོ་འདི་ཚོར། མཚོ་སྔོན་གྱིས་བར་མ་ཆད་པའི་ངང་རྨ་ཆུའི་མགོ་ཁུངས་ཀྱི་བརླན་ས་གཙོ་བོའི་ས་ཁུལ་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྐྱེ་དངོས་སླར་གསོ་ཡོང་བའི་བྱེད་ཐབས་དང་གཏེར་ཁ་འདོན་པ་འགོག་པ། དབྱར་རྩྭ་བརྐོ་བ་འགོག་པ། སྐྱེ་ཁམས་གནས་སྤོར་སྡོད་དམངས། རྩྭ་ཐང་འཚོ་བའི་ཁ་གསབ་སོགས་བྱེད་ཐབས་དུ་མ་སྤྱད་ནས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་ཕན་འབྲས་ལྡན་པའི་ངང་སྲུང་སྐྱོབ་བྱས་པར་མ་ཟད། ཆུ་མགོ་གསོ་བསྐྱིལ་བྱེད་ནུས་ཀྱང་མངོན་གསལ་ཇེ་ལེགས་སུ་སོང་ཡོད་ཟེར།

ཝང་ཞའོ་ཆིན་གྱིས་ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་ཞུགས་ལས་སྐྲུན་ཞབས་ཞུ་ལྟེ་གནས་དང་ས་ཆ་གཞན་ལ་གནས་སྤོར་བའི་ཐུན་མོང་བདེ་སྡོད་བྱེད་གནས་སུ། གནས་སྤོར་སྡོད་དམངས་ཀྱི་བདེ་སྡོད་ལས་གཞི་དང་རྒྱུན་མཐུད་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། རླངས་འཁོར་ཞིག་གསོ་དང་མི་རིགས་ལག་ཤེས་སྒྱུ་རྩལ་ཟབ་སྦྱོང་ལས་གཞིར་རྟོག་ཞིབ་བྱས། ཝང་ཞའོ་ཆིན་གྱིས་འབྲོག་དམངས་ཟབ་སྦྱོང་ཁྲོད་ཞུགས་ཚད་མང་བ་ཤེས་པས། ཆུ་དམར་ལེབ་རྫོང་གིས་ས་གནས་སྲིད་གཞུང་གི་སྣེ་སྟོན་འོག་ནས། ཁེ་ལས་ནང་འདྲེན་དང་ལག་ཤེས་པ་གསོ་སྐྱོང་བྱེད་པའི་གསར་གཏོད་རྣམ་པར་བསྟོད་བསྔགས་བྱས།

ཝང་ཞའོ་ཆིན་གྱིས་ནན་གྱིས་བསྟན་དོན། ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་གྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ས་གནས་མང་ཚོགས་ཀྱི་སྐད་ཆ་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་འོས་འགན་བསྒྲགས་པར་མ་ཟད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ཀྱི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་ནས། རོང་འབྲོག་མི་དམངས་ཀྱི་སྣ་གཅིག་པའི་འདེབས་འཛུགས་དང་གསོ་སྤེལ་གྱི་ངོས་ནས་སྐྱེ་ཁམས་ལ་ལྟ་བའི་རྣམ་པ་དེ། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་ཕྱོགས་སུ་བསྒྱུར་བར་འབད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།