པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་དུ་ཆོས་ལུགས་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན་ནས་ཚེས24ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་ཞིང་ཆེན་ནས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་ངོ་བཞིའི་རྗེས་སུ་མཚོ་སྔོན་ལ་ཕེབས་པ་དང་། འདི་ནི་པཎ་ཆེན་མཆོག་མཚོ་སྔོན་ལ་ཕེབས་ཐེངས་བཞི་བ་ཡིན་ལ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་ལེགས་པོ་ཐོབ་ཡོད།

ཟླ7པའི་ཚེས18ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་གྲོང་ཁྱེར་གསར་བའི་ནམ་ཟླ་དྭངས་ལ་ཁ་དབུགས་གཙང་བ་དང་། པཎ་ཆེན་འཁོར་དང་བཅས་པ་སྐྱེ་རྒུ་དགོན་པར་ཕེབས་ནས་གྲྭ་བཙུན་ལ་འཚམ་འདྲི་དང་དབང་ལུང་གནང་། གྲྭ་བཙུན་བརྒྱ་ལྷག་གིས་སེར་ཕྲེང་བསྒྲིགས་ནས་བསང་མཆོད་དང་ཆོས་དུང་འབུད་གཏོང་སོགས་ཆོས་ལུགས་ཀྱི་ཆོ་ག་གཟབ་རྒྱས་བཏང་ནས་པཎ་ཆེན་མཆོག་ཕེབས་པར་དགའ་བསུ་ཞུས། པཎ་ཆེན་མཆོག་ཁྲི་ལ་བཞུགས་རྗེས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་རེད། 2010ལོར་ཡུས་ཧྲུའུ་ཡི་ས་འགུལ་བྱུང་རྗེས་པཎ་ཆེན་མཆོག་གནས་འདིར་ཕེབས་མྱོང་བ་དང་། གནས་སྐབས་བཀོད་སྒྲིག་བྱས་པའི་རས་གུར་ནང་ཚེ་འདས་དག་ལ་བསྔོ་སྨོན་ཞུས། བསྐྱར་སྐྲུན་བྱས་རྗེས་སྐྱེ་རྒུ་དགོན་པའི་བཟོ་བཀོད་རྒྱ་ཆེ་བ་དང་སྒྲིག་ཆས་ཆ་ཚང་བས་ཆོས་ལུགས་བྱ་འགུལ་བདེ་བླག་ངང་སྤེལ་བ་རེད། སྐྱེ་རྒུ་དགོན་པའི་བསྐྱར་སྐྲུན་བྱུང་བ་ལ་པཎ་ཆེན་མཆོག་དགའ་སྤྲོ་སྐྱེས་ཡོད།

འབྲི་སྟོད་རྫོང་དགོན་གསར་དགོན་པའི་ནང་ས་གནས་མང་ཚོགས་ཀྱིས་ལུས་ལ་རྒྱས་གོས་གྱོན་ནས་ལག་ཏུ་ཁ་བཏགས་བཟུང་སྟེ་ལམ་གྱི་གཞོགས་གཉིས་སུ་བསྒྲིགས་ནས་པཎ་ཆེན་མཆོག་ཕེབས་པར་སྒུག་ཡོད། པཎ་ཆེན་མཆོག་ཕེབས་རྗེས་ཐད་ཀར་དུ་ཚོགས་ཆེན་འདུ་ཁང་དུ་ཕེབས་ནས་དགོན་པས་ཕུལ་བའི་སྐུ་གསུང་ཐུགས་ཀྱི་མཆོད་པ་དང་ལེན་བྱས་པ་མ་ཟད། སེར་སྐྱ་མང་ཚོགས་ལ་མཇལ་ཁ་གནང་། དེ་ནས་པཎ་ཆེན་མཆོག་ཙོང་ཁ་བའི་ལྷ་ཁང་དང་ཆོས་རྗེ་བླ་མའི་སྐུ་གདུང་མཆོད་རྟེན། དགོན་གསར་དགོན་པའི་འཆད་ཉན་གླིང་བཅས་སུ་ཕེབས་ནས་རབ་གནས་མཛད། ཉིན་དེའི་ཕྱི་དྲོར། པཎ་ཆེན་མཆོག་དགོན་གསར་དགོན་པའི་ཉེ་འགྲམ་གྱི་བཀྲ་ཤིས་ཐང་དུ་ཕེབས་ནས་སྔ་མོ་ནས་སྒུག་ཡོད་པའི་ཆོས་དད་མང་ཚོགས་ལ་དབང་ལུང་གནང་བ་དང་མཇལ་ཁ་གནང་།

སྐུ་འབུམ་དགོན་པ་ནི་རྗེ་ཙོང་ཁ་བ་ཆེན་མོའི་འཁྲུངས་གནས་ཡིན་ཞིང་། ཟླ7པའི་ཚེས21ཉིན་གྱི་སྔ་མོར་པཎ་ཆེན་འཁོར་དང་བཅས་པ་སྐུ་འབུམ་དགོན་པའི་མཆོད་རྟེན་བརྒྱད་ཀྱི་མདུན་དུ་སླེབས་པ་ན། གྲྭ་བ500ལྷག་གིས་བསུ་བའི་ཁྲོད་པཎ་ཆེན་མཆོག་གསེར་གདུང་ཆེན་མོར་ཕེབས་པ་དང་། དེ་ནས་ཚོགས་ཆེན་འདུ་ཁང་ལ་ཕེབས་ཏེ་སྨོན་ལམ་གསུངས་བ་དང་། གྲྭ་བ་དག་ལ་འགྱེད་བརྒྱབ་པ་རེད།

མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་དུ་པཎ་ཆེན་མཆོག་གིས་མཚོ་མཆོད་ཆོ་ག་སྤེལ་ནས་དམངས་ལ་བདེ་སྐྱིད་དང་རྒྱལ་ཁམས་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུས།

ཆོས་ལུགས་བྱ་འགུལ་ཁྲོད་པཎ་ཆེན་མཆོག་གིས། ཆོས་ལུགས་མི་སྣ་ཞིག་ཡིན་པའི་ཆ་ནས་ལྷག་བསམ་རྣམ་དག་གིས་དགེ་སྒྲུབ་དང་ཆོས་དད་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་ཤིང་། ལྷག་པར་དུ་དགོན་སྡེའི་གྲྭ་བཙུན་དག་ལ་ཆོས་གཞུང་ལ་འབད་བརྩོན་གྱིས་ཆོས་ལུགས་ལས་རིགས་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་གྲྭ་བ་ཞིག་བྱེད་དགོས་པ་དང་། ཆོས་ལུགས་དར་སྤེལ་དང་རྒྱལ་གཅེས་ཆོས་གཅེས། མི་རིགས་རིག་གནས་རྒྱུད་འཛིན་དར་སྤེལ་བྱས་ཏེ། ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་བར་ལ་འཆམ་མཐུན་མཉམ་གནས་ཀྱིས་ཐུན་མོང་ངང་མེས་རྒྱལ་སྟོབས་འབྱོར་དང་ལྡན་པར་གསོལ་འདེབས་གནང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པར་སྐུལ་མ་བཏང་།

ཉིན་འགའི་རིང་། པཎ་ཆེན་མཆོག་གིས་ལམ་ཐག་གི་དཀའ་སྡུག་ལ་མ་འཛེམ་པར་ཐོག་མཐའ་བར་གསུམ་དུ་ཆོས་དད་མང་ཚོགས་ཀྱི་འདོད་བློ་བསྐངས་ནས་དུས་རབས་ཀྱི་བླ་ཆེན་ཞིག་གི་ཉམས་འགྱུར་མངོན་པར་མཚོན་ཡོད། བཀྲ་ཤིས་ཐང་རྩྭ་ཐང་དུ་པཎ་ཆེན་མཆོག་གིས་ཕྱི་དྲོའི་དུས་ཚོད3ཡས་མས་ནས་བཟུང་དུས་ཡུན་རིང་བོར་ཉི་མའི་ཚ་གདུགས་ལ་མ་འཛེམ་པར་མང་ཚོགས་ལ་མུན་རུབ་པའི་བར་དུ་མཇལ་ཁ་གནང་།

པཎ་ཆེན་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བརྩེ་སེམས་དང་ཆོས་གཞུང་གི་ཡོན་ཚད་ལ་རྒྱ་ཆེའི་གྲྭ་བཙུན་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད། འབྲི་སྟོད་རྫོང་དུ། ས་གནས་མང་ཚོགས་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་རླངས་འཁོར་བསྐོར་ཏེ་སྔ་མོ་ནས་བཀྲ་ཤིས་ཐང་རྩྭ་ཐང་དུ་མཇལ་ཁ་ཞུ་བར་སྒུག་ཡོད། ལོ53ལ་སོན་པའི་བོད་རིགས་ཨ་མ་ཚེ་མཚོས་བཤད་རྒྱུར། པཎ་ཆེན་རིན་པོ་ཆེ་ལགས་མཐོང་ཐུབ་པ་ལ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། རང་གི་བུ་ཕྲུག་རྣམས་ཕྱི་ཡུལ་ནས་འབྱོར་མ་ཐུབ་རུང་ཁ་པར་བཏང་ནས་རང་ཉིད་ལ་སྐྱབས་འཇུག་ཞུ་དགོས་ཟེར།

ལམ་བར་དུ། པཎ་ཆེན་འཁོར་དང་བཅས་པ་ཕེབས་ས་རུ་ས་གནས་མང་ཚོགས་རྣམས་ཀྱིས་ལུས་ལ་རྒྱན་གོས་གྱོན་ནས་ལག་ཏུ་ཁ་བཏགས་བཟུང་སྟེ། དགའ་སྤྲོ་འབུམ་གྱིས་མྱོས་ནས་རླུང་རྟ་བསྐྱོན་པ་དང་ཁ་བཏགས་འབུལ་བ། སེར་ཕྲེང་བསྒྲིགས་པ་སོགས་ཀྱི་རྣམ་པས་པཎ་ཆེན་མཆོག་ལ་དགའ་བསུ་དང་དད་གུས་ཚད་མེད་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།