ཝང་གོ་ཧྲིན་གྱིས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མདོ་ལ་རི་བོའི་འདབས་རོལ་དུ་སོང་ནས། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གནད་དོན་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་མ་ཡིན་པར་དམངས་ཚིས་དང་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ནི་རིན་ཐང་བྲལ་བ་ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་ཤིང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཞན་ཆ་དུས་ལྟར་གསབ་པ། ཏན་ཏན་ཏིག་ཏིག་སྒོས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་འབད་དེ། མི་དམངས་མང་ཚོགས་དང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་བསྐྲུན་དགོས་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྟོབས་དང་ལྡན་པའི་བྱེད་ཐབས་བཀོལ་ནས། དུས་ལྟར་བྱ་བའི་ཇུས་གཞི་གཏན་འབེབས་བཟོས་ཏེ། མུ་རིའི་གཏེར་ཁུལ་གྱི་རི་བོར་བཅོས་སྐྱོང་བྱེད་པ་དང་གཏེར་དོང་གསབ་པ། ཁྲིམས་འགལ་ལུགས་འགལ་གྱི་འཛུགས་སྐྲུན་ཁང་བ་བཤིག་པ། གཙང་བོ་དྭངས་གཙང་དང་རྩྭ་རྩི་ཤིང་སྔོ་ལྗང་ཅན་དུ་བསྒྱུར་བའི་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་ལག་བསྟར་བྱས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། རང་ཉིད་ཀྱི་མིག་འབྲས་སྲུང་བ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས་པ་ལས། ཁོར་ཡུག་ལ་གཏོར་བརླག་བྱས་པ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཏན་ནས་སྤྱོད་མི་རུང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས།ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་བཏང་སྟེ། ཚད་གཞི་མཐོ་ཞིང་ཏན་ཏན་ཏིག་ཏིག་གི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་མཐར། མི་དང་རང་བྱུང་ཁམས་འཆམ་མཐུན་རྒྱུན་མཐུད་ངང་འཕེལ་བའི་རྣམ་པ་མངོན་འགྱུར་བྱེད་དགོས་ཟེར།

ཝང་གོ་ཧྲིན་ཆེད་དུ་མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་སྲིད་འཛིན་ཞབས་ཞུ་ལྟེ་གནས་སུ་སོང་ནས། ལས་བྱེད་དང་ལས་བཟོ་བར་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་བཀའ་དྲིན་ཞུས། ཁོས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ལ་དཀའ་ངལ་ཆེ་བའི་ས་ཁུལ་གྱི་ལས་བཟོ་བར་སེམས་ཁུར་དོན་གནས་བྱེད་དགོས་པར་གདམས་མཐར། ཁོ་ཚོར་བྱ་བའི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཝང་ཡུས་པོ་དང་ཝང་ལིས་མེན་གཉིས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།