ཝང་གོ་ཧྲིན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཟི་ལིང་གྲོང་ཁྱེར་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་གནང་།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་ཐེངས་བཞི་བར་མཚོ་སྔོན་གྱི་གྲྭ་བཙུན་མང་ཚོགས་ལ་འཚམ་འདྲི་དང་བརྟག་བཤེར་ཞིབ་འཇུག་གནང་བར་ཕེབས་པར་དགའ་བསུ་ཞུས།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ན་ནིང་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱས་ཤིང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན། ཞིང་ཆེན་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་སྟེང་བསྒྱུར་བ་བཞི་ལ་སྐུལ་འདེད་བཏང་ནས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་བྱེད་པ་དང་། འཕེལ་རིམ་གསར་བའི་སྟེང་ཧུར་བརྩོན་གྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དངོས་འབེབས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕེན་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དམ་པོར་སྦྲེལ་བས། མཚོ་སྔོན་གྱི་ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་བ་དང་ལས་དོན་སྣ་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཕྱོགས་ཡོངས་ནས་འཕེལ་རྒྱས་དང་རྒྱུན་མཐུད་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་སྟེ། ནན་ཏན་གྱིས་ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་པ་དང་། མུ་མཐུད་དུ་དངུལ་གཏོང་རོགས་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ་རྨང་གཞི་སྒྲིག་ཆས་དང་ཐོན་ཁུངས་ནུས་ཁུངས་ལས་གཞི་གཙོ་བོ་སྐོར་ཞིག་ལག་བསྟར་བྱས་ནས་བོད་ཁུལ་དང་ཞིང་ཆེན་ཡོངས་དེ་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་ཁག་ཐེག་བྱས་པ་དང་། བོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་འགན་སྲུང་ཡོད་པ་དང་སྤུས་ཚད་མཐོ་བ། ལ་རྒྱ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་ཁག་ཐེག་བྱས་ཏེ་ཧུར་བརྩོན་གྱིས་མཚོ་སྔོན་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། པཎ་ཆེན་མཆོག་གིས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་དང་ནང་བསྟན་རིག་གཞུང་ལ་ཞིབ་འཇུག་ཟབ་མོ་གནང་སྟེ་ལོ་མང་པོའི་རིང་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་སྲོལ་རྒྱུན་ཡག་པོ་དར་སྤེལ་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་མོའི་ཀུན་སྤྱོད་ལེགས་པོ་མངོན་པར་མཚོན་པ་དང་། དེ་མིན་བོད་བརྒྱུད་ནང་བསྟན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་ལེགས་པོ་སྒྲུབ་པར་ཕན་ནུས་འདོན་པར་སྐུལ་ཁྲིད་བྱས་ཡོད། འདིར་ལྷག་བསམ་རྣམ་དག་གིས་པཎ་ཆེན་མཆོག་གིས་སྔར་མུས་བཞིན་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པ་དང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་རྣམས་མི་རིགས་མཐུན་སྒྲིལ་གྱི་ཞིང་ཆེན་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་ཞུས་པ་ཡིན་ཟེར།

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ཝང་གོ་ཧྲིན་གྱིས་ཐུག་འཕྲད་དང་མཚོ་སྔོན་ཞིང་ཆེན་གྱིས་ལོ་མང་པོའི་རིང་ཁོང་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས། ཁོང་གིས་གསུང་རྒྱུར། ངས་ནམ་ཡིན་ཡང་མཚོ་སྔོན་གྱི་འཕེལ་རྒྱས་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད་ལ། ཐེངས་འདིར་མཚོ་སྔོན་དུ་ཕེབས་པའང་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རྒྱུས་ལོན་དང་ངོས་འཛིན་བྱ་ཆེད་ཡིན། མཚོ་སྔོན་གྱི་གྲུབ་འབྲས་གསར་བ་དང་འགྱུར་ལྡོག་གསར་བ་མཐོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་དུས་སྐབས་ལ་བསྔགས་བརྗོད་དང་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན་པ་ཐོས་པས་རང་ཉིད་ལ་དགའ་སྤྲོ་ཆེན་མོ་སྐྱེས་ཡོད། ཏང་ཀྲུང་དབྱང་གིས་མཚོ་བོད་ས་ཁུལ་གྱི་འཕེལ་རྒྱས་ལ་རེ་བ་ནན་མོ་བཟུང་ཞིང་། བོད་བརྒྱུད་ནང་བསྟན་གྱིས་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ན་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འོས་བསྟུན་བྱ་དགོས་ལ། ནམ་ཡིན་ཡང་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཕེལ་རྒྱས་བཅས་ཡོང་བར་བྱས་རྗེས་འཇོག་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་ཧུར་བརྩོན་གྱིས་དགོན་སྡེ་དོ་དམ་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཏེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣར་ཐུགས་ཁུར་གང་ལེགས་གནང་བར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།

པཎ་ཆེན་མཆོག་གིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་མཛུབ་སྟོན་འོག མཚོ་སྔོན་གྱིས་བསྒྱུར་བ་བཞིའི་ཐབས་ལམ་ལ་བརྟེན་ནས། མ་འོངས་བའི་འཕེལ་རྒྱས་སྔར་ལས་ལེགས་པོ་ཡོང་བར་ང་ལ་ཡིད་ཆེས་ཡོད་ཟེར། ཁོང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཏེ་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྨོན་འདུན་ཞུས།

རིན་ཆེན་རྒྱལ་དང་ལིའུ་ཉིང་། མགོན་པོ་བཀྲ་ཤིས། ཝང་ཡུས་པའོ། དབང་མོ། དབྱང་ཧྥིན་ཁྲུན། རིན་ཆེན་རྣམ་རྒྱལ། གཟིམ་ཁང་བཅས་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།