ཝང་གོ་ཧྲིན་གྱིས་ཞིན་ཧེ་རྫོང་དང་རྨ་སྟོད་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་གནས་ཞིན་ཧེ་རྫོང་དང་རྨ་སྟོད་རྫོང་གཉིས་སུ་སོང་ནས། རྨ་ཆུའི་མགོ་ཁུངས་སུ་ཕྱིན་པ་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་ཞུས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་བྱ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་སྟངས་བཅས་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་སེམས་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། སྒྱུར་བ་བཞི་ལག་བསྟར་བྱས་པ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་དོན་འཁྱོལ་བྱེད་པ་བཅས་ལ་འབད་མཐར། སྐྱེ་ཁམས་སྲུང་སྐྱོབ་སྔོན་སྐྱོད་ཀྱི་འདུ་ཤེས་བཅངས་ནས་འཕེལ་རྒྱས་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད། དམངས་ཚིས་ལ་ཕན་བདེ་བཅས་བསྐྲུན་དགོས་ཞེས་བསྟན།

ཝང་གོ་ཧྲིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་གྱི་སྐྱེ་ལྡན་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ར་བའི་ཨ་ཆེན་གངས་རྒྱབ་ཤ་ལས་ཀུང་ཟིའི་ནང་དུ་སོང་ནས། སྐྱེ་ལྡན་ཕྱུགས་རིགས་ཕུགས་འདེད་མ་ལག་བརྒྱུད་དེ། ཀུང་ཟིའི་གསོ་སྤེལ་དང་ཉོ་སྒྲུབ། ལས་སྣོན། ཉོ་ཚོང་བཅས་ཀྱི་གོ་རིམ་ཧྲིལ་བོར་རྒྱུས་ལོན་བྱས། ཁོས་བཟོ་ལས་ར་བའི་ཁེ་ལས་དང་མཉམ་ལས་ཁང་། འབྲོག་དམངས་བཅས་མཉམ་འབྲེལ་ཅན་གྱི་རྣམ་པས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་ནས་ཕྱུག་འགྱུར་བྱེད་ཐབས་ལ་སྣེ་ཁྲིད་བྱེད་ཀྱིན་པར་ཁས་ལེན་ཡང་དག་བྱས། རེ་བ་ཡིན་ན་བཟོ་ལས་ར་བས་ཚན་རྩལ་ཞིབ་འཇུག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ། ཟུར་སྣོན་རིན་ཐང་འཕར་སྣོན་གཏོང་བ་བཅས་ཀྱི་ཐད་ནུས་ཤུགས་གང་ཡོད་བཏོན་ནས། ཡོང་སྒོ་འཕར་སྣོན་ཡོང་བར་སྣེ་ཁྲིད་ཀྱི་ནུས་པ་བཟང་བོ་འདོན་དགོས་ཞེས་སྐུལ་ལྕག་བྱས། ཝང་གོ་ཧྲིན་གྱིས་ཞིན་ཧེ་རྫོང་གེ་སར་ཚོང་ལས་སྲང་ལམ་དུ་རྫོང་གི་བློ་མཐུན་ལ་མངགས་བཅོལ་བྱས་ནས་བཤད་རྒྱུར། དབུལ་ཕོངས་མང་ཚོགས་སྔར་ལས་མང་པོ་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད་དེ། དབུལ་ཕོངས་མང་ཚོགས་ཚང་མས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་དུ་ལོངས་སྤྱོད་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་ཆར་བ་ཟམ་ཟིམ་གདོང་གིས་བསུས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་གྱི་ལྟེ་གནས་བཅའ་སྡོད་སློབ་གྲྭར་སོང་ནས། སློབ་གྲྭའི་སྨན་བཅོས་ཁང་དང་སློབ་མའི་ཉལ་ཁང་དུ་ཕྱིན་ཏེ། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོའི་ནང་དུ། སློབ་གྲོགས་རྣམས་ཀྱིས་དགེ་ཕྲུག་གི་གདམས་པ་ཞེས་པའི་བརྩམས་ཆོས་ཀློག་འདོན་བྱེད་ཀྱིན་པར་ཉན་པ་དང་། ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་ནང་དུ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སོགས་བརྗོད་གཞིར་བཟུང་ནས་སློབ་གྲོགས་རྣམས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས། ཁོས་སློབ་གྲོགས་རྣམས་ལ་མེས་རྒྱལ་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཡོད་པ། ཕ་ཡུལ་ལ་བརྩེ་བ་ཡོད་པ། ཕ་མར་འདང་རྩིས་ཡོད་པ། དགེ་རྒན་ལ་བཀུར་བ། དྲིན་གཟོ་དང་དྲིན་དྲན་པ། སློབ་སྦྱོང་ལ་སྡུག་རུས་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། ཧུར་བརྩོན་ཆེན་པོས་རྐང་འཛིན་འཇོན་ཐང་མི་སྣ་འཁྱོངས་བར་འབད་དགོས་པར་གདམས། དེའི་རྗེས་ནས་ཝང་གོ་ཧྲིན་གྱིས་རྨ་སྟོད་རྫོང་གི་གནས་སྤར་ཡུལ་མིའི་བདེ་སྡོད་བྱ་བར་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ལ་བགྲོད་ལམ་ཇེ་ལེགས་སུ་གཏོང་བ་དང་ཁོར་ཡུག་ཇེ་གཙང་དུ་གཏོང་བ། སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། རྒྱུན་མཐུད་ཐོན་ལས་བྱ་བར་འཆར་འགོད་འཐེན་པ་བཅས་བྱས་མཐར། དཀའ་ངལ་ཆེ་བའི་མང་ཚོགས་སྡོད་ཁང་གསར་བའི་ནང་སྤོར་ཐུབ་པ་དང་བརྟན་འཇགས་ཀྱི་ངང་ནས་འཚོ་བ་རོལ་ཐུབ་པ། ཕྱུག་འགྱུར་བྱེད་ཐུབ་པ་བཅས་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་སྐུལ་མ་བཏང་།
ཚེས་ལྔ་ཉིན་གྱི་ཞོགས་པ་སྔ་མོར་ཝང་གོ་ཧྲིན་མཚོ་ངོས་ལས་རྨིད་བཞི་སྟོང་དྲུག་བརྒྱའི་སར་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ར་བར་སོང་། ཝང་གོ་ཧྲིན་གྱིས་མཚོ་སྔོ་རེངས་འགྲམ་ནས་སྐོར་སྲུང་བྱེད་བཞིན་པའི་སྐྱེ་ཁམས་ལྟ་སྲུང་མི་སྣར་ཁ་བརྡ་བྱས་ཏེ། ལྟ་སྲུང་མི་སྣའི་ཡོང་འབབ་དང་དོ་དམ་སྲུང་སྐྱོབ་བྱེད་སྟངས། དཔྱད་ཞིབ་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་བྱས་རྗེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་འོས་འགན་ལས་ཁུངས་དང་ཁྱིམ་ཚང་། མི་སྒེར་བཅས་ཀྱི་སྟེང་ནས་དངོས་འབེབས་བྱས་ཏེ། སྲུང་སྐྱོབ་ཀྱི་སྦྲེལ་ཐག་དམ་པོ་ཞིག་གྲུབ་པར་བྱེད་དགོས་པ་དང་། དཔྱད་ཞིབ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྲུང་མི་སྣའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་འབད་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་རྟོག་ཞིབ་བྱེད་སྐབས་མགོ་ལོག་ཁུལ་དང་རྨ་སྟོད་རྫོང་གི་བྱ་བའི་སྙན་ཞུར་ཉན་ནས། མགོ་ལོག་དང་རྨ་སྟོད་ཀྱི་ལས་རིམ་ཁག་སོ་སོས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། དྲིལ་སྒྲོག་བྱ་བ་དམ་འཛིན་བྱས་ནས་མི་སེམས་གོང་བུ་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ཀྱི་རང་རྟོགས་བསམ་སྦྱོར་ལ་བསྒྱུར་དགོས་ཤིང་། སྒྱུར་བ་བཞི་དམ་འཛིན་བྱས་པ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ཡར་ལྡན་དུ་སྤེལ་དགོས། སྐབས་བརྗེ་བྱ་བ་དམ་པོར་བཟུང་ནས། མགོ་ཁྲིད་ཚན་ཁག་སྔར་ལས་སྟོབས་ལྡན་ཅན་དུ་གཏོང་དགོས། རིགས་དགར་ནས་མཛུབ་སྟོན་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྡེ་བ་རིམ་པའི་སྐབས་བརྗེ་བྱ་བ་བཟང་བོར་བསྒྲུབ་དགོས། ཉམ་ཆུང་འཐོར་གྱར་དུ་འགྲོ་བཞིན་པའི་ཏང་རྩ་འཛུགས་ལ་ལེགས་སྒྲིག་བྱེད་པར་ཤུགས་བསྣན་ནས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་འཐབ་རྩོད་ཀྱི་བཙན་རྫོང་ཆེན་པོ་ཞིག་ཏུ་བསྐྲུན་ཐུབ་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དམ་པོར་བཟུང་ནས། སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་ཡིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཚད་ཡོད་དང་ཚད་མེད་གཉིས་ཟུང་དུ་སྦྲེལ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དང་སྨན་བཅོས། ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་རོགས་སྐྱོར་མཉམ་ལས་བྱ་བར་ཤུགས་སྣོན་དགོས། ཕྱི་ཕྱོགས་སྒོ་འབྱེད་བྱ་བ་གཏིང་ཟབ་དུ་གཏོང་དགོས། བཅོས་སྒྱུར་བྱ་བ་དམ་པོར་བཟུང་ནས་ལམ་བུ་འཚོལ་དཔྱོད་བྱེད་དགོས། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ལམ་ལུགས་གསར་གཏོད་བྱེད་དགོས། བསྐྱར་དཔར་བྱས་ཆོག་ཅིང་ཁྱབ་བརྡལ་དུ་བཏང་ཆོག་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལམ་བུར་གོམ་པ་སྤོ་ཐུབ་དགོས། ལེགས་སྒྲིག་བྱ་བ་དམ་པོར་བཟུང་ནས་ཕན་འབྲས་ལ་གཙིགས་ཆེན་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱར་གོ་བ་ཡང་དག་བླངས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་རིམ་གསུམ་པོ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལྷོ་རྒྱུད་ནི་མཚོ་བོད་་མཐོ་སྒང་གི་ལྟེ་བ་རུ་གནས་ཡོད་པས་ཆ་རྐྱེན་ཧ་ཅང་ཞན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བརྩེ་བ་ཟོལ་མེད་བཅངས་ནས་མགོ་ལོག་སོགས་ཀྱི་ས་ཆ་མྱུར་མོར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། ཁོས་མགོ་ལོག་གི་ལས་བྱེད་མང་ཚོགས་རྣམས་ལ་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། རང་བདག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་བ་འཛུགས་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན།

ཝང་ཡུས་པོ་ཐེངས་འདིའི་རྟོག་ཞིབ་བྱ་བར་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།