མཚོ་སྔོན་ཞིང་ཆེན་གྱིས་དུག་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས2016ལོའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གནས་ཚུལ་དང་མིག་སྔའི་དུག་རྫས་ཐད་ཀྱི་བྱས་ཉེས་བཟོ་བའི་གནས་བབ་ཁྱབ་སྒྲོག་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བའི་ལས་འགན་ཐད་ནས་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། དུག་རྫས་གནད་དོན་ལེགས་བཅོས་བྱེད་རྒྱུ་དེ་བློ་དཀར་བོས་འགན་ནུས་སྒྲུབ་པའི་ཚད་དང་སྲིད་འཛིན་ནུས་པར་ཚད་འཇལ་བྱེད་ཀྱི་དམིགས་ཚད་གལ་ཆེན་དུ་གྱུར་ཡོད་པས། ངེས་པར་དུ་དུག་འགོག་བྱ་བ་དེ་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་ཚད་དུ་སྤར་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་འཛིན་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་བྱས་ནས། དུག་འགོག་པའི་མི་དམངས་ཀྱི་འཐབ་འཛིང་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཚུན་ནས། དུག་རྫས་གནད་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་རྒྱུན་བསྲིང་བའི་གནས་བབ་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་དང་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་རང་འགུལ་སྒོས་བྱ་བ་བཟང་བོར་སྤེལ་ནས། དུག་འགོག་བྱ་བའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཞིང་ཆེན་ཡོངས་ཀྱི་དུག་རྫས་གནས་བབ་ལ་རྒྱུན་ལོན་གསལ་བོ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དུག་འགོག་བྱ་བའི་ཐད་ཀྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལྟ་སྐུལ་དོ་དམ་དང་སྔོན་འགོག་ཚོད་འཛིན། དྲིལ་སྒྲོག་སོགས་གནད་འགག་བྱ་བ་དམ་འཛིན་བྱས་ཏེ། དུག་འགོག་བྱ་བའི་ཐད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། ཏང་སྲིད་འགན་རྩོད་དང་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། མཉམ་དུ་དོ་དམ་དང་དམ་འཛིན་བྱས་ནས། དུག་འགོག་བྱ་བ་དེ་སྡེ་ཁག་གིས་འགན་གཙོ་བོ་ཁུར་བ་ནས་ཏང་སྲིད་གཉིས་ཀྱིས་མཉམ་དུ་འགན་ཁུར་བར་བསྒྱུར་བ་དང་། འགན་འཁྲི་ལམ་ལུགས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས་དུག་འགོག་བཅོས་སྐྱོང་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།