མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཆན་ཅན་ཕེན་གཉིས་ཀྱིས་གྲོས་མཐུན་སྟེང་མིང་བཀོད།

ཝང་ལིས་མེན་གྱིས་ཐོག་མར་ཆན་ཅན་ཕེན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བ་དང་དྲག་ཆས་བཟོ་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་སྦས་ཤུགས་ཐད་ནས་ངོ་སྤྲོད་གསལ་བོ་བྱས། ཁོས་མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཡོད་ལ། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བ་མ་ཟད། རླུང་ནུས་དང་ཉི་འོད་ནུས་པ། ཚྭ་མཚོ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ཕྱོགས་གཉིས་ཀྱིས་ཉི་འོད་ནུས་པའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་དྲག་ཆས་བཟོ་སྐྲུན། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་བ་སོགས་ཕྱོགས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱུན་མ་ཆད་པར་མཚོ་སྔོན་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ཐོན་ལས་རིམ་སྤོར་ཚུལ་བསྒྱུར་དང་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཆན་ཅན་ཕེན་གྱིས་ཞིང་ཆེན་སྲིད་གཞུང་གིས་ཐུག་འཕྲད་བྱས་པ་དང་། མཚོ་སྔོན་གྱིས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཀུང་ཟི་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཀུང་ཟིས་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམངས་དམག་མཉམ་འབྲེལ་བྱེད་པ་དང་དགེ་མཚན་ཁ་གསབ་བྱེད་པ། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལྟར། རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ། རང་བདག་གསར་གཏོད་དང་ཞིབ་འཇུག་གསར་སྤེལ། དྲག་ཆས་བཟོ་སྐྲུན། བཟོ་སྐྲུན་འགན་ལེན་སོགས་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་དང་མཉམ་དུ་མཉམ་ལས་ཐད་ཀྱི་མ་དཔེ་གསར་བ་འཚོལ་ཞིབ་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་སྐྱེད་པ། སྔར་ལས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ལྗང་མདོག་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་རོགས་འདེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།