མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་དོན་བརྒྱད་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དོན་བརྒྱད་པ་བསྡུས། གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱས་ཏེ་ཞབས་ཞུ་བཅོས་སྒྱུར་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བཀོད་སྒྲིག་གང་ལེགས་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། 2017ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གཏིང་ཇེ་ཟབ་དུ་སྤེལ་བའི་བྱ་བ། ཁྱིམ་ཐོ་མེད་པའི་མི་རྣམས་མཁར་གྲོང་དུ་ཐོ་འགོད་བྱེད་པ་སོགས་ཀྱི་བྱ་བར་གྲོས་ཞིབ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚན་ཁག་དྲུག་པའི་ཚན་གཙོ་ཧྲི་ཡི་པའོ་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་བྱ་བ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤུགས་ཆེན་པོས་སྤེལ་བཞིན་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། མགྱོགས་མྱུར་ངང་སྐུལ་སྤེལ་བྱེད་དགོས་པར་མ་ཟད། ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་བླང་བྱ་གལ་ཆེན་གཞིར་བཟུང་ནས། མུ་མཐུད་དུ་ངོས་འཛིན་ཇེ་ཟབ་དུ་གཏོང་བ་དང་། སྲིད་གཞུང་གི་སྲིད་འཛིན་ནུས་པ་མཐོར་འདེགས་སུ་བཏང་ནས། ཚོང་རའི་གསོན་ཤུགས་ཆེ་རུ་བསྐྱེད་དེ་བཅོས་སྒྱུར་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བ་ནི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་བྱ་བར་ཡང་འབྲེལ་བ་ཆེན་པོ་ཡོད་པས། ངེས་པར་དུ་མི་དམངས་གཙོ་བོར་བཟུང་བའི་བསམ་བློ་ཇེ་བརྟན་ཏུ་གཏོང་དགོས་པ་དང་། ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གཏོང་བ་བཅས་ཟུང་དུ་སྦྲེལ་ནས། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་བཏོན་པའི་བླང་བྱ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཇེ་ཟབ་དུ་སྤེལ་བའི་བྱ་བ་གལ་ཆེན་འདིར་སྐུལ་སྤེལ་བྱེད་དགོས་ན། ངེས་པར་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཙོ་བོར་འཛིན་དགོས་པ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱིས་བཅོས་སྒྱུར་བྱེད་པ་དང་སྲིད་བསྡུ་དབང་གཏོང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སོགས་བྱ་བ་གལ་ཆེན་དག་གི་བཅོས་སྒྱུར་བྱ་བ་ཤུགས་ཆེན་པོས་སྤེལ་དགོས་པ་རེད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཁར་གྲོང་ཅན་གྱི་འཕེལ་རྒྱས་བྱ་བ་ངེས་པར་དུ་མིའི་ནུས་པར་བརྟེན་དགོས་པར་མ་ཟད། འཕེལ་རྒྱས་བྱ་བ་ཡང་མིའི་ཆེད་དུ་ཡིན་ལ། བྱ་བའི་དཀྱིལ་སྙིང་ནི་མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དེ་ཡིན་པས། ངེས་པར་དུ་མཁར་གྲོང་གི་སྤྱི་བའི་ཞབས་ཞུའི་འདོན་སྤྲོད་ཇེ་ཆེར་གཏོང་བ་དང་། སྣེ་འཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱིམ་ཐོ་མེད་པའི་མི་རྣམས་རང་མོས་ཀྱིས་མཁར་གྲོང་དུ་གནས་སྡོད་བྱེད་པར་སྐུལ་སྤེལ་བྱས་ནས། ཁྱིམ་ཐོ་མེད་པའི་མི་རྣམས་མཁར་གྲོང་དུ་འདུས་སྡོད་དང་གནས་སྡོད་བྱེད་ཐུབ་ལ། འཚོ་བ་སྐྱིད་པོ་རོལ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་དག་ལའང་གྲོས་ཞིབ་བྱས།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།