ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཕུལ་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། ཡིད་ཆེས་ཇེ་ཆེར་གཏོང་བ་དང་སྐབས་བསྟུན་མདུན་བསྐྱོད་བྱས་ཏེ། རྒྱ་ཆེའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་པ་ཚོས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་ཐད་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཝང་ཡུས་པའོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཡིན་པད་བཅས་གྲོས་ཚོགས་ལ་ཞུགས།
ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཕུལ་བྱུང་ཁེ་ལས་དང་ཕུལ་བྱུང་སྒེར་གཉེར་ཚོང་ཁྱིམ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན»སྒྲོག་འདོན་བྱས། སྤྱི་དབང་ལམ་ལུགས་མ་ཡིན་པའི་ཕུལ་བྱུང་ཁེ་ལས་ལྔ་བཅུ་དང་ཕུལ་བྱུང་སྒེར་གཉེར་ཚོང་ཁྱིམ་བརྒྱ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་སྡེ་ཁག་བཅུ་གསུམ་དང་སྔོན་ཐོན་མི་སྒེར་བཅོ་ལྔར་གཟེངས་བསྟོད་བྱས།
ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱ་ཆེའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་སྐྲུན་མཁན་དང་ལས་ཞུགས་པ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། དུས་ཡུན་རིང་བོར་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོ་བཅས་ལ་དད་གུས་བླ་མེད་དང་སེམས་སྟེང་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། ཉི་བའི་ལོ་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་མཛུབ་ཁྲིད་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ། ཕྱོགས་སོ་སོས་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་བ་དང་། གོ་གནས་སྔར་ལས་འབུར་ཐོན་དང་ནུས་པ་སྔར་ལས་མངོན་གསལ་དུ་གྱུར། ལྷག་པར་དུ་རྒྱ་ཆེའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཕྱུག་པོར་གྱུར་རྗེས་ད་དུང་བཀའ་དྲིན་མི་བརྗེད་པར། སྤྱི་ཚོགས་དམངས་ཚིས་ལས་དོན་ཐད་བྱས་རྗེས་མི་དམན་པ་བཞག་ཟེར།
ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གནས་བབ་ལས་འགན་ལ་དབྱེ་ཞིབ་གསལ་བོ་བྱས། ཁོས་བསྟན་དོན། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་འགྲེང་ནས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། མིག་སྔར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁ་གཏད་དེ། ཐོན་ལས་རྣམ་པའི་ཐད་ནས་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། རྗེས་ལུས་ཀྱི་ཐོན་སྐྱེད་རྣམ་པ་མགྱོགས་མྱུར་སྒོས་མཉམ་བསྲེས་རིམ་སྤོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཉིན་རེ་བཞིན་ཇེ་བརྟན་དུ་སོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་ཇེ་བཟང་་དང་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཇེ་ཆེར་སོང་། མ་འོངས་པའི་དུས་སྐབས་ཤིག་རིང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་དམིགས་འབེན་ནི། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་དེ་ཡིན་ཟེར།
ཝང་གོ་ཧྲིན་གྱིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཁྲིམས་ལྟར་ཚོང་གཉེར་བྱེད་པ་དང་། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པ། ཧུར་ཐག་གིས་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་གསར་གཏོད་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་འོག མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་གསོན་པོའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པ་དང་། སྟོབས་ཤུགས་སྔར་ལས་འབུལ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།
ཝང་ཅན་ཅུན་གྱིས་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཏམ་བཤད་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་ཞིབ་མོ་བཏོན་པ་སྟེ། གཅིག་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལ་དམིགས་ནས་ཐུན་མོང་གི་ལྟ་བ་གཅིག་བསྒྲིལ་བྱེད་པ་དང་། གཉིས་ནས་བསྒྱུར་བ་བཞི་ལ་དམིགས་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཀའ་གནད་ཐག་གཅོད་པ། གསུམ་ནས་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་ལ་དམིགས་ནས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཞི་ནས་བྱེད་ཐབས་བཞི་ལ་དམིགས་ནས་ཁོར་ཡུག་ལེགས་བསྒྱུར་དང་གསོན་ཤུགས་ཆེར་བསྐྱེད་དགོས་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གྲོས་ཚོགས་བསྡུས།