ལིག་ཉིན་གྱིས་རྨ་ལྷོའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས27ཉིན་ནས་ཚེས30ཡི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་འོས་འགན་དང་པོར་བརྩིས་ཏེ། ནན་ཏན་སྒོས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ཧུར་བརྩོན་ཆེན་པོས་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་ལེན་ལ་བསྟར་ནས། རྨ་ལྷོའི་ལས་རིམ་ཁག་སོ་སོ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཟེར།

ལིག་ཉིན་སྔ་གཞུག་ཏུ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མགུར་འོག་མ་སྡེ་བ་དང་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་མཁར་ཕྱིའི་སྡེ་བར་སོང་ནས་དེ་གའི་ཏང་ཡོན་རྣམས་ལ་ལྷག་བསམ་འཁོལ་བའི་ངང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྐོར་ནས་གླེང་མོལ་བྱས། ལིག་ཉིན་གྱིས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྐད་སྒྲ་མགྱོགས་མྱུར་ངང་གཞི་རིམ་དུ་མཆེད་པར་དགའ་སྤྲོ་ཆེན་པོ་སྐྱེས། ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་མི་རེ་རེར་འགན་འཁྲི་ཡོད་ཅིང་། འཕེལ་རྒྱས་གྲུབ་འབྲས་མི་རེ་རེར་ཐོབ་དབང་ཡོད། ཚང་མས་སློབ་སྦྱོང་སྔོན་དུ་འགྲོ་བ་དང་སློབ་སྦྱོང་གཏིང་ཟབ་ཅན་དུ་གཏོང་བར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཏུ་འཇུག་དགོས་ཞེས་བསྟན།

དེའི་རྗེས་ལིག་ཉིན་སྔ་གཞུག་ཏུ་མགུར་དགོན་པ་དང་རོང་བོ་དགོན་པ། ལོ་རྡོ་རྗེ་བྲག་དགོན་པ་བཅས་སུ་སོང་ནས། དགོན་པ་དེ་དག་གི་དགེ་འདུན་པ་དང་དགོན་པའི་དོ་དམ་ལས་བྱེད་པར་མཛའ་མཐུན་ངང་གླེང་མོལ་བྱས་ནས། དགོན་པའི་གྲྭ་བཙུན་རྣམས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་དང་སྲིད་གཞུང་དང་སེམས་ཤུགས་མཉམ་གནས་སྒོས། ཆོས་ལུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བྱེད་པ་ཡོངས་ལ་ལས་དོན་ནན་ཏན་སྒོས་བསྒྲུབ་པར་སྐུལ་འདེད་བཏང་མཐར། བར་མ་ཆད་པའི་ངང་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

དེའི་རྗེས་སུ་ལག་ཉིན་སྔ་གཞུག་ཏུ་རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་དང་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་རུ་སོང་ནས། མི་དམངས་ཉེན་རྟོག་པས་ལས་རྐང་བརྟན་སྲུང་བྱེད་བཞིན་པ་མཐོང་བས། ལིག་ཉིན་གྱིས་བཤད་རྒྱུར། ཁྱོད་ཚོས་བདེ་འཇགས་བརྟན་སྲུང་གི་ཆེད་དུ། དུས་ཆེན་གྱི་ཉིན་མོ་བློས་བཏང་བས། ངས་ཁྱོད་ཚོར་བཀའ་དྲིན་ཆེ་ཞུས་པ་ཡིན། རེ་བ་ཡིན་ན་ཁྱོད་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག་ཡོང་བར་བྱེད་པ། སྒྲིག་ཁྲིམས་གཟབ་ནན་ཅན་དུ་གཏོང་བ་བཅས་ཀྱི་བླང་བྱ་ལྟར། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་སྟོབས་ལྡན་དུ་བསྒྱུར་བ་དང་། ཚན་རྩལ་གྱིས་ཉེན་རྟོག་པར་རོགས་འདེགས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།

ལིག་ཉིན་གྱིས་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ། ཧི་ནན་རྫོང་ཉིན་མཐའ་གྲོང་རྡལ། གཡུ་སྒང་ཉིན་གྲོང་རྡལ་བཅས་ཀྱི་སྤྱི་ཚོགས་ལེགས་བཅོས་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། དྲ་རྒྱ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བའི་གནད་འགག་ནི་དྲ་རྒྱའི་དོ་དམ་པ་ཡི་བྱེད་ནུས་འདོན་སྤེལ་གང་ལེགས་གཏོང་རྒྱུ་ནི་གནད་འགག་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོན་ཁུངས་མཉམ་སྤྱོད་ལ་དོ་སྣང་དང་། ཧུར་བརྩོན་ཆེན་པོས་རང་སྟེང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ལིག་ཉིན་གྱིས་ད་དུང་ཏང་ཡོན་རྒན་པ་དང་དབུལ་ཕོངས་ཁྱིམ་ཚང་རེ་འགར་འཚམས་འདྲི་བྱས། ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་གྱི་ལོ་ན་གྱ་གཅིག་ལ་སོན་པའི་ཏང་ཡོན་རྒན་པ་ལྷ་མོ་ཚེ་རིང་གི་ཁྱིམ་དུ་སོང་ནས། ལྷ་མོ་ཚེ་རིང་དང་སྔོན་ཆད་ཀྱི་ཧྲིན་ཀྲང་སྐལ་བཟང་གཉིས་ཏང་ཚན་ཆུང་གཅིག་གི་ཡིན་ཞིང་། ཁོ་མོ་ནད་ཀྱིས་མནར་ནས་འཆི་ལ་ཁད་ལ་ཁ་ཆེམས་བཞག་སྟེ་ཁྱིམ་གྱི་རྒྱུ་ནོར་ཚང་མ་ཏང་དངུལ་ལ་སྤྲོད་དགོས་ཞེས་བཤད་པའི་གནས་ཚུལ་རྟོགས་མ་ཐག ལིག་ཉིན་གྱིས་བསྟན་དོན། ཁོ་མོ་ལྟ་བུའི་ཕུལ་བྱུང་ཏང་ཡོན་རྒན་པ་ནི་ང་ཚོའི་མིག་དཔེར་འཛིན་འོས་ལ། ང་ཚོས་ངེས་པར་དུ་ཁོ་ཚོ་ལྟ་བུར་ལྟ་སྐྱོང་གང་ལེགས་བྱས་ཏེ། ཁོ་ཚོའི་སྔོན་ཐོན་བྱས་རྗེས་ལ་སྤྱི་སྡོམ་གང་ལེགས་དང་དེ་དྲིལ་སྒྲོག་བྱས་ནས། ཁོ་ཚོའི་མཛད་རྗེས་མི་རབས་ནས་མི་རབས་སུ་བརྒྱུད་སྤེལ་བྱས་མཐར། ཏང་གི་སྲོལ་རྒྱུན་བཟང་བོ་དང་བྱེད་ཕྱོགས་བཟང་བོ་ཚེ་ཚེ་རབས་རབས་སུ་བརྒྱུད་སྤྲོད་བྱེད་དགོས་ཟེར། ལིག་ཉིན་གྱིས་དབུལ་ཕོངས་ཁྱིམ་ཚང་ཆོས་དབྱིངས་ཀྱི་ཁྱིམ་དུ། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། གནད་ཕིགས་དབུལ་སྐྱོར་བྱ་བར་བྱེད་ཕྱོགས་སྟོབས་ལྡན་སྤྱོད་དགོས་པར་མ་ཟད། ཏང་གི་སྲིད་ཇུས་བཟང་བོ་དྲིལ་སྒྲོག་གང་ལེགས་བྱེད་དགོས། དམངས་ཕྱུག་དམངས་ཕན་གྱི་བདེན་དོན་ཡིད་ལ་ཉར་ནས། བར་མ་ཆད་པའི་ངང་རིགས་སོ་སོའི་མི་དམངས་ཚང་མར་མཚོ་སྔོན་གསར་འཛུགས་བྱ་བར་ཕན་པའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་འབད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།