མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཁྱབ་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་སྡེ་ཁག་གི་ཚབ་མཚོན་མི་སྣ་དང་སྤྱི་ཚོགས་རིམ་པ་གསར་བའི་མི་སྣ་བཅས་ལ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་དང་། མཱ་ཁྲང་ཆིན། གཟིམ་ཁང་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཀྱང་རེད་ཅེས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དང་། བསམ་ཕྱོགས་དང་འདུ་ཤེས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་མཐུན་ཡོང་བར་བྱེད་དགོས་པ་མ་ཟད། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་མཐུན་སྒྲིལ་དམ་པོ་བྱེད་དགོས་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།