ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་བྱེ་བ་དྲུག་བཀོད་སྒྲིག་བྱས་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཟབ་ནན་གྱིས་རྟོག་ཞིབ་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་། གཅན་ཚ་རྫོང་ཁམས་ར་ལྗོངས་ཁུལ་སོགས་ཡུལ་སྐོར་ལྗོངས་ཁུལ་དྲུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིར་ཤུགས་སྣོན་རྒྱུ་ཐག་བཅད། ཟ་ཁང་དང་སྡོད་ཁང་། འགྲིམ་འགྲུལ། རོལ་རྩེད་སོགས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཡུལ་སྐོར་གྲོང་ཁྱེར་ནས་གྲོང་ཁྱེར་ཡུལ་སྐོར་དུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
རྗེས་ཕྱོགས་མཚོ་སྔོན་ཞིང་ཆེན་གྱིས་ལྗོངས་ཁུལ་དང་སྤྱི་གླིང་གཙོ་བོ་སྐོར་ཞིག་གི་ལས་གཞིའི་འཛུགས་སྐྲུན་དམ་འཛིན་བྱས་ནས་སྲོལ་རྒྱུན་གྱི་ཡུལ་སྐོར་ལས་གཞི་གཙོ་བོ་སྐོར་ཞིག་སྒྱུར་བཅོས་དང་མཐོར་འདེགས་གཏོང་བ་དང་ཡུལ་སྐོར་ལས་གཞི་གཙོ་གྲས་སྐོར་ཞིག་གི་འཛུགས་སྐྲུན་ལ་འཆར་འགོད་བྱེད་པ། རིག་གནས་ཡུལ་སྐོར་ལས་གཞི་སྐོར་ཞིག་ལ་ཇུས་འགོད་བྱས་ཏེ་ཕྱིར་བཏོན་ནས་ལྗོངས་ཁུལ་གཙོ་བོ་དང་མིང་རྟགས་གྲགས་ཅན་སྐོར་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་ཡུལ་སྐོར་པའི་ལྟེ་གནས་དང་ལྗོངས་ཁུལ་གྱི་བགྲོད་ལམ། རླངས་འཁོར་འཇོག་ས། ངལ་གསོ་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ་དང་ཆུ་འདོན་དང་གློག་འདོན། གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་པ། བདེ་འཇགས་མེ་འགོག སྨན་བཅོས་འགན་སྲུང་སོགས་སྒྲིག་ཆས་འཐུས་ཚང་དུ་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་བྱེ་བ་དྲུག་བཏང་ནས་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།