མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དོན་བདུན་པ་བསྡུས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་བརྟེན་ནས་དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ལ་བརྟེན་ནས་དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱེད་པའི་བསམ་འཆར་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཏང་ཨུ་ལ་ཞིབ་འཇུག་བྱེད་པར་སྤྲོད་རྒྱུའི་ཐག་བཅད། གྲོས་ཚོགས་ལས་བསྟན་དོན། དངོས་གཟུགས་དཔལ་འབྱོར་ནི་སྤྱི་ཚོགས་དཔལ་འབྱོར་རྒྱུད་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩ་དང་སྲོག་ཤིང་ཡིན་ལ། ངེས་པར་དུ་བདེན་རྫུན་དང་གསར་རྙིང་། ཆེ་ཆུང་དང་ཕྱི་ནང་སོགས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ནས། དངོས་གཟུགས་དཔལ་འབྱོར་གྱི་འཕེལ་ཚད་མཐོ་རུ་གཏོང་བ་དང་། ཁེ་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དངུལ་བསྡུ་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བ་ལག་བསྟར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་པའི་རྩ་འཛུགས་སྟ་གོན་བྱ་བའི་འགུལ་སྐྱོད་ཇུས་གཞི་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་མ་ཟད། ཞིང་ཆེན་ཏང་ཨུ་ལ་ཞིབ་འཇུག་བྱེད་པར་སྤྲོད་རྒྱུའི་ཐག་བཅད། གྲོས་ཚོགས་ལས་ཚོང་ར་ཅན་གྱི་ཕྱོགས་སུ་དམིགས་ནས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་གསོན་ཤུགས་རྒྱས་པར་འབད་དགོས་པ་དང་། འགྲན་སྡུར་གྱི་རྩ་དོན་གཞིར་བཟུང་ནས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ལ། མཐུན་སྒྲིལ་བྱ་བ་གཙིགས་ཆེན་དུ་བཟུང་ནས། སྔར་ཡོད་ཀྱི་རྨང་གཞིའི་སྟེང་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན།

གྲོས་ཚོགས་སྟེང་མུ་མཐུད་དུ་ཡུལ་སྐོར་དང་རིག་གནས། ལུས་རྩལ། བདེ་ཐང་། རྒན་གསོ། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཛད་སྤྱོད་ལག་བསྟར་བྱེད་པའི་ཇུས་གཞི་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཛད་སྤྱོད་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནད་གཙོ་བོ་ཡིན་པས། མང་ཚོགས་ཀྱི་མཛད་སྤྱོད་ཕྱོགས་ཀྱི་རྣམ་པ་གསར་བ་དང་རེ་བ་གསར་བར་བསྟུན་དགོས་ལ། ཡུལ་སྐོར་དང་རིག་གནས། ལུས་རྩལ་དང་བདེ་ཐང་། རྒན་གསོ་དང་སློབ་གསོ་སོགས་ཁྱབ་ཁོངས་གཙོ་བོར་བཟུང་ནས་འདོན་སྤྲོད་རྒྱ་བསྐྱེད་དགོས་པ་དང་། དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཕན་འབྲས་ལྡན་པའི་ངང་ཟུང་དུ་སྦྲེལ་བའི་ཇུས་གཞིར་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། འདྲ་མཉམ་དང་དྲང་གཞག མངོན་གསལ་བཅས་རྒྱུན་མཁྱོངས་བྱས་ནས། ལམ་ལུགས་དང་ཁ་གཏད་ས། ཚད་གཞི་དང་དོ་དམ་བཅས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་གྱི་ས་འགུལ་དང་ནང་ཆེན་རྫོང་གི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་འཆར་འགོད་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་རྫ་སྟོད་དང་ནང་ཆེན་གྱི་ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ངེས་པར་དུ་འབྲེལ་ཡོད་འཆར་འགོད་གཞིར་བཟུང་ནས་ཐོན་སྐྱེད་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་བསྒྱུར་བའི་ཐད་ལ་གཙིགས་ཆེན་བྱས་ནས། མང་ཚོགས་ཀྱི་གནས་སྡོད་ཆ་རྐྱེན་དང་སྐྱེ་ཁམས་ཁོར་ཡུག རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཐུན་ཆ་སྡེབས་ཞབས་ཞུ་སོགས་ཇེ་ལེགས་སུ་གཏོང་བ་ཟུང་དུ་སྦྲེལ་ནས་བསྐྱར་འཛུགས་བྱ་བ་མགྱོགས་མྱུར་ངང་སྤེལ་བ་བརྒྱུད། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་རྣམས་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་སྦྱིན་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད། 

གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་ཡོངས་ཀྱི་ཆེས་དམའ་བའི་ཟླ་ཕོག་གི་ཚད་གཞི་ལེགས་སྒྲིག་བྱེད་པའི་བྱ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཏང་ཨུ་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།