མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། སྲོལ་རྒྱུན་ཞིང་སྡེའི་སྲུང་སྐྱོབ་དང་བེད་སྤྱོད་བྱ་བའི་སྐོར་ལ་གྲོས་འདོན་ཇུས་འབུལ་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡི་ཀྲི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་གཞུང་སྒྲུབ་ཐིན་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་འགའ་དང་། ཆེད་མཁས་པ་འགའ་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡི་ཀྲི་ཡིས་དུས་སྐབས་སྔོན་མའི་བརྟག་དཔྱད་བྱས་པའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ལོ་སྔོན་མའི་ཟླ་བརྒྱད་པ་ནས་བཟུང་། བརྟག་དཔྱད་ཚན་ཁག་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁ་ཤས་སུ་སོང་ནས། ས་གནས་དེ་དག་གི་སྲོལ་རྒྱུན་གྱི་བཟོ་སྐྲུན་དང་ཞིང་སྡེའི་རིག་གནས། ད་དུང་སྲུང་སྐྱོབ་བྱ་བའི་ལས་གཞིའི་ལག་བསྟར་གྱི་གནས་ཚུལ་སོགས་ལ་ཡུལ་དངོས་ནས་བརྟག་དཔྱད་ཞིབ་འཇུག་བྱས།

ཨུ་ཡོན་རྣམས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་ཞིང་སྡེའི་སྲུང་སྐྱོབ་འཆར་འགོད་ལག་བསྟར་བྱེད་པ་དང་། ཞིང་ཆེན་རིམ་པའི་ཞིང་སྡེའི་སྲུང་སྐྱོབ་མིང་ཐོ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དུས་མཉམ་དུ་ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱེད་པ་སོགས་ནི་མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་ཞིང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་གང་ལེགས་བྱེད་པའི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད་ཅེས་བཤད་བྱུང་།

བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཚའོ་ཕིན་དང་པན་ཀའོ། ཀྲང་ལིས། ཀའོ་ཡུས། ཝང་ཧྭ་ཕིན། ཀུའུ་ཞོ་ཧིན། ཀྲུའུ་ཝེ་ཕིན། ཝང་ཡོན། ཀྲང་ཡ་ནན་བཅས་མི་དགུ་ཡིས། ཞིང་ཆེན་རིམ་པའི་སྲུང་སྐྱོབ་མིང་ཐོ་འཛུགས་པ་དང་། སྲོལ་རྒྱུན་ཞིང་སྡེའི་སྲུང་སྐྱོབ་བྱ་བར་ཡིག་ཚགས་བཟོས་ཤིང་ཐོ་འགོད་བྱེད་དགོས་ཤིང་། སྲོལ་རྒྱུན་ཞིང་སྡེའི་སྲུང་སྐྱོབ་བྱ་བར་ཆེད་དོན་མ་དངུལ་གྱིས་རོགས་སྐྱོར་བྱེད་དགོས་པ་དང་། རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་སྲོལ་རྒྱུན་ཞིང་སྡེ་ཡོངས་ལ་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་བྱ་བའི་སྐོར་ལ་གྲོས་འདོན་ཇུས་འབུལ་བྱས།

ཚོགས་འདུའི་་སྟེང་། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་སོགས་ཀྱི་འགན་ཁུར་བློ་མཐུན་དང་ཨུ་ཡོན་རྣམ་པས་མཉམ་དུ་འབྲེལ་ཡོད་བྱ་བར་གྲོས་མོལ་བྱས།

ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་ཨུ་ཡོན་རྣམ་པའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་ནས། ཨུ་ཡོན་རྣམ་པ་དང་ཆེད་མཁས་པ་རྣམས་ཀྱི་བསམ་འཆར་དང་དུ་བླངས་ནས། སྲོལ་རྒྱུན་ཞིང་སྡེའི་སྲུང་སྐྱོབ་བྱ་བ་ནན་ཏན་སྒོས་སྒྲུབ་རྒྱུ་ཡིན་ཞེས་བཤད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།