ཆི་ལེན་རྫོང་པ་པོ་གྲོང་རྡལ་གྱིས་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་བཙལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་པ་པོ་གྲོང་རྡལ་གྱིས་ཉེ་བའི་ལོ་འདི་དག་ལ། ས་གནས་ཀྱི་སྐྱེ་ཁམས་དང་། ཐོན་ཁུངས་ལེགས་ཆ་བེད་སྤྱད་ནས། སྡེ་བའི་གཞི་རྩའི་གནས་བབས་དང་མཐུན་ཞིང་། དམངས་ཀྱི་འདོད་བློ་དང་འཚམ་པའི་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་ཞིག་བཙལ། ཁོ་ཚོས་དངུལ་གཏོང་དང་དབུལ་ཕོངས་ཁྱིམ་ཚང་གིས་མ་རྐང་འཇོག་པའི་རྣམ་པས་དབུལ་སྐྱོར་ཐོན་ལས་དེ་འཕེལ་རྒྱས་སུ་བཏང་ལ། བསྡོམས་པས་ཁྱིམ་ཚང་རེ་བརྒྱད་ཀྱི་མི་གྲངས་ཉིས་བརྒྱ་དང་བཅུ་གཉིས་ཞུགས་ཤིང་། ལོ་མཇུག་ལ་བསྡུར་ཚད་བརྒྱ་ཆའི་བརྒྱད་ལས་མི་དམའ་བར་བྱས་ཏེ་དབུལ་སྐྱོར་ཐོན་ལས་ཀྱི་ཁེ་སྤོགས་དེ་དབུལ་ཕོངས་ཁྱིམ་ཚང་དག་ལ་བགོས་པ་རེད། 

མིག་སྔར། གྲོང་རྡལ་ཡོངས་སུ་སྡེ་བ་བཅོ་ལྔར་མཉམ་འདུས་ཁེ་ལས་ཡོད་ལ། མ་དངུལ་གཏོང་ཚད་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བདུན་ཁྲི་ལྔ་ལ་སླེབས། ལོ་རེའི་ཡོངས་འབབ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་བཞི་དང་སྟོང་གསུམ་སུམ་བརྒྱ་དགུ་བཅུ་ཡིན་ལ། གནད་ཕིགས་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་ལས་པའི་ཁྱིམ་ཚང་ལ་མཉམ་འདུས་ཐོན་ལས་ཁྲོད་དུ་མི་རེའི་ཡོང་འབབ་སྒོར་དྲུག་བརྒྱ་ལ་འབུད་ཅིང་། མཉམ་འདུས་དཔལ་འབྱོར་ཁྲོད་ཀྱི་མིའི་ཡོང་འབབ་ནི་སྒོར་སུམ་བརྒྱ་དང་གཅིག་ཡིན་པས། ཕན་ཁེ་རག་པའི་མི་གྲངས་ཀྱི་ཁྱབ་ཚད་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་གསུམ་ཡིན། 
གནད་ཕིགས་དབུལ་སྐྱོར་གྱི་བྱ་བ་མགོ་བརྩམས་པ་ནས་བཟུང་། པ་པོ་གྲོང་རྡལ་གྱིས་ཆི་ལེན་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་སྤེལ་དང་། ཞིང་ཁུལ་འདེབས་འཛུགས། ཚོང་ར་གསར་སྤེལ་སོགས་ཀྱི་ཐད་ནུས་པ་བཏོན་ནས། སྡེ་བའི་ལས་བྱེད་དང་དབུལ་སྐྱོར་བྱ་བའི་རུ་ཁག་བར་མཉམ་ལས་དམ་པོ་བྱས་ནས། དངུལ་གཏོང་གི་རྣམ་པ་དང་ཐོན་ལས་གྱི་བརྒྱུད་ལམ་བཅས་འཕེལ་རྒྱས་སུ་བཏང་།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།