མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆེད་དམིགས་ལེགས་བཅོས་ལ་བརྟེན་ནས་སློབ་གྲྭ་ཁག་གི་ཟས་རིགས་བདེ་འཇགས་བྱ་བར་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཁག་གི་ཟ་ཁང་ཟས་རིགས་བདེ་འཇགས་ཆེད་དམིགས་ལེགས་བཅོས་བྱ་བའི་སྐུལ་སློང་ཚོགས་ཆེན་སྟེང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་དང་བུ་བཅོལ་ཁང་གི་ཟ་ཁང་ཟས་རིགས་བདེ་འཇགས་དོ་དམ་བྱ་བ་ཚད་ལྡན་ཅན་དུ་གཏོང་བ་དང་དེར་ཤུགས་སྣོན་པ། སློབ་གྲྭ་མཐོ་ཁག་སོ་སོའི་ཟ་ཁང་གི་ཟས་རིགས་བདེ་འཇགས་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ། སློབ་གྲྭའི་ཟས་རིགས་བདེ་འཇགས་དོན་རྐྱེན་གཏན་འགོག་བྱེད་པ་བཅས་ཀྱི་ཆེད་དུ། ཟླ་བཞི་བའི་ནང་ནས་བཟུང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་ཁག་ནས་ཟླ་ངོ་གསུམ་གྱི་དུས་ཡུན་སྤྱད་དེ། སློབ་གྲྭའི་ཟ་ཁང་གི་ཟས་རིགས་བདེ་འཇགས་བྱ་བར་ཆེད་དམིགས་ལེགས་བཅོས་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ། སློབ་གྲྭ་དང་བུ་བཅོལ་ཁང་གི་ཟ་ཁང་ཁག་ནས་བཟའ་བཏུང་ཞབས་ཞུའི་ཁས་ལེན་ལམ་ལུགས་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་པ་དང་། སློབ་གྲྭ་དང་བུ་བཅོལ་ཁང་སྒྲིག་འཛུགས་ཀྱི་ཟས་རིགས་བདེ་འཇགས་མགོ་ཁྲིད་ཚན་ཆུང་བཙུགས་ནས། སྡེ་ཁག་དང་འབྲེལ་ཡོད་མི་སྣའི་ཟས་རིགས་བདེ་འཇགས་འགན་འཁྲི་གསལ་ཐག་ཆོད་པ་བཟོས་ཏེ། སློབ་གྲྭ་དང་བུ་བཅོལ་ཁང་སྒྲིག་འཛུགས་ཀྱི་ཟ་ཁང་ཟས་རིགས་བདེ་འཇགས་བྱ་བར་དུས་བཅད་ཞིབ་བཤེར་བྱས་མཐར། སློབ་གྲྭ་དང་བུ་བཅོལ་ཁང་སྒྲིག་འཛུགས་ཀྱི་ཟ་ཁང་ཁག་ཚང་མར་ཟས་རིགས་བདེ་འཇགས་དོ་དམ་བྱ་བའི་འགན་འཁྲིའི་མཆན་རྟགས་བཀོད་དེ། དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་གྲུབ་པར་བྱེད་རྒྱུ་རེད།

ཐེངས་འདིའི་བསམ་སྦྱོར་བྱ་འགུལ་ལ་རང་བཤེར་དང་འདེམ་བཤེར། སྤྱི་སྡོམ་བཅས་དུས་རིམ་གསུམ་དུ་དགར་ནས་སྤེལ་རྒྱུ་རེད། ལེགས་བཅོས་ཁྲོད་དུ། སློབ་གྲྭའི་ཟས་རིགས་བདེ་འཇགས་དོ་དམ་མི་སྣར་ཟབ་སྦྱོང་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ལྷག་པར་དུ་ཞིང་སྡེ་འོས་འགན་སློབ་གསོའི་སློབ་གཙོ་དང་དོ་དམ་མི་སྣར་ཟབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཟབ་སྦྱོང་སྤེལ་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་པར་འབད་རྒྱུ་རེད།  ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།