བོད་རིགས་རྒན་པ་ཁེར་འདུག་གི་དྲོད་སྐྱིད་ལྡན་པའི་ཁྱིམ།  

189.jpg

ལྷ་སྒྲོན་སྐྱིད་ཀྱིས་ཀ་ཚའེ་སྲང་ལམ་གྱི་རྒན་པར་ད་སོ་མ་སླ་ང་ལས་བླངས་པའི་མོག་མོག་བཟའ་རུ་འཇུག་པ།

190.jpg

ལྷ་མོ་འབྲུག་མཚོས་རྒན་པོ་ཁྲོ་རྒྱལ་འབུམ་ལ་ཇ་ལྡུག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་རྒྱ་ར་སྡེ་བའི་ཧྲེ་དང་པོར་སྡོད་པའི་རྒན་པ་ཚེ་དབང་ཆུང་བར་མཚོན་ན། ཉིན་འགའ་རེའི་ནང་རང་ཉིད་ཟ་རྒྱུར་དགའ་བའི་མོག་མོག་ཟ་ཐུབ་པ་ནི་ཆེས་ཡིད་ཚིམ་པའི་དོན་ཞིག་ཡིན་ལ། དེ་ནི་ལྷ་སྒྲོན་སྐྱིད་ཀྱི་དྲིན་རེད།

“ངའི་བཟའ་ཟླ་ལོ་མང་པོའི་སྔོན་དུ་ཚེ་ལས་འདས་པས། ང་རང་ལོ་ངོ་མང་པོར་ཁེར་འདུག་བྱས་པ་ཡིན”ཞེས་ལོ81ལ་བུད་པའི་རྒན་པ་ཚེ་དབང་ཆུང་བས་ཉལ་ཁྲིའི་སྟེང་དུ་བསྡད་དེ་ང་ཚོར་ཁ་བརྡ་བྱས་བྱུང་།  རྒན་པའི་བུ་ནི་རང་ལོ13སྟེང་དུ་ཚེ་ལས་འདས་སོང་བ་དང་དེའི་རྗེས་སུ་བཟའ་ཟླ་ཡང་ཚེ་ལས་འདས་པས། ཁོ་རང་གཅིག་པུ་ཁེར་འདུག་བྱེད་དགོས་བྱུང་། “སྔོན་ཆད་ལུས་པོ་བདེ་ཐང་ཡིན་ལ། ལོ་འདི་འགར་ལུས་པོ་སྔོན་ཆད་ལྟ་བུའི་བདེ་ཐང་མིན”ཞེས་བཤད་ཞོར་མགོ་བོ་མར་བསྒུར་སོང་བ་དང་། ཁང་པའི་ནང་མུན་ནག་ཡིན་པའི་དབང་གིས། ཁོའི་གདོང་གི་རྣམ་འགྱུར་གསལ་པོ་ཞིག་མཐོང་དཀའ།

རྒན་པས་རང་གིས་རང་ལ་བདག་སྐྱོང་མི་ཐུབ་པར་དཀའ་སྡུག་ལ་འཕྲད་པའི་སྐབས་སུ་སྡེ་བ་གཅིག་པའི་ལྷ་སྒྲོན་སྐྱིད་ཀྱིས་ཁོར་སྙོར་སྐྱོང་བྱེད་པའི་བསམ་ཚུལ་བཏོན་པས། རྒན་པའི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་།

“ཕལ་ཆེར་ལོ་བདུན་བརྒྱད་ཅིག་འགོར་སོང་། ངས་ཀྱང་གསལ་པོ་ཞིག་མི་ཤེས། ཚང་མ་སྡེ་བ་གཅིག་གི་མི་ཡིན་པའི་ཁར། བཤད་ན་ཁོ་ད་རུང་ངའི་ཤ་ཉེ་ཡང་ཡིན། ང་ཚོའི་ཆ་རྐྱེན་ཡང་བཟང་རྒྱུ་མེད་མོད། འོན་ཀྱང་ཁོ་གཅིག་པུར་བཞག་ན་མི་འགྲིག དོན་དངོས་སུ་བཤད་ན་སྙོར་སྐྱོང་ཟེར་རིན་མེད། དུས་རྒྱུན་གྱི་ཟ་མ་ལས་པ་དང་གྱོན་ཆས་བཀྲུ་བ་སོགས་ཁྱིམ་ཚང་ནང་གི་བྱ་བ་རྩག་རྩིག་དག་ཡིན་པས། དེ་འདྲ་དཀའ་མོ་ཞིག་མ་རེད”ལྷ་སྒྲོན་སྐྱིད་ཀྱིས་དེ་ལྟར་བཤད་ཞོར་གློག་སྒྲོན་བཀར་བས་ཁང་པའི་ནང་གསལ་པོར་གྱུར།

དེ་ལྟར་འཚོ་བར་རྟེན་ས་མེད་པའི་ཚེ་དབང་ཆུང་བར་རང་གི་ཁྱིམ་ཚང་ཡོད་སོང་། ཉིན་རེའི་ཞོགས་པར་ལྷ་སྒྲོན་སྐྱིད་ཁོ་ཚང་དུ་ཡོང་ནས་ཟ་མ་ལས་པ་དང་གཙང་སྦྲ་བྱེད་པ་སོགས་བྱས་ཤིང་ས་རུབ་ནས་རྒན་པ་ངལ་གསོས་པ་ན་ད་གཟོད་ཕྱིར་འགྲོ་བཞིན་ཡོད།

“ང་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་ལ། ལྷ་སྒྲོན་སྐྱིད་ཀྱིས་དེ་ཤེས་རྗེས། དུས་རྒྱུན་གྱི་ཟ་མའི་ཐད་ནས་ཧ་ཅང་མཉམ་འཇོག་བྱེད་པ་རེད། མོས་ལས་པའི་ལ་ཕུག་གི་མོག་མོག་ཧ་ཅང་ཞིམ་པོ་རེད། དེ་རིང་བོད་ལོའི་ཉི་ཤུ་བརྒྱད་ཡིན་པས། འདི་ནི་ཁོ་མོས་སང་ཉིན་དང་གནངས་ཉིན་བྲེལ་བ་ཆེ་བར་དོགས་ནས། ཆེད་དུ་ང་ལ་ལས་པ་ཡིན”ཞེས་ལག་གི་མོག་མོག་ལ་ལྟ་བཞིན་བགད་བྱུང་།

ཚེ་དབང་ཆུང་བ་ལྟར་ཁེར་རྐྱང་དུ་ལུས་པའི་རྒན་པ་ནི་ད་རུང་ཧྲེ་གཉིས་པ་རུ་སྡོད་པའི་ལོ71ཅན་གྱི་ཁྲོ་རྒྱལ་འབུམ་ཡོད་ལ། བུ་ཕྲུག་གཅིག་ཀྱང་མེད་པའི་ཁོ་རང་ཡང་ད་ལྟ་སྡེ་བ་གཅིག་པའི་ལྷ་མོ་འབྲུག་མཚོ་ཚང་དུ་བསྡད་ཡོད།

ཁྲོ་རྒྱལ་འབུམ་གྱི་གཏམ་རྒྱུད་ཀྱང་ལོ་ལྔའི་སྔོན་ནས་བཤད་དགོས།  ལོ་དེར་རྒན་པ་སྙོར་སྐྱོང་བྱེད་མཁན་གཉེན་ཉེ་གློ་བུར་དུ་ཚེ་ལས་འདས་སོང་། སྡེ་བའི་ནང་གི་ལྔ་སྐྱོང་ཁྱིམ་ཚང་ཡིན་པས། ཟླ་རེར་རོགས་དངུལ་ལེན་བཞིན་ཡོད་མོད། འོན་ཀྱང་སྙོར་སྐྱོང་མཁན་མེད་པས། རྒན་པའི་འཚོ་བ་ཧ་ཅང་སྡུག  གནས་ཚུལ་དེ་ཤེས་རྗེས་ལོ23ཡིན་པའི་ལྷ་མོ་འབྲུག་མཚོ་དང་ཁྱིམ་མི་རྣམས་ཀྱིས་གྲོས་བྱས་རྗེས་ཁོ་རང་ཁྱིམ་དུ་བསུས།

“ལོ་འདི་འགའི་ནང་མོས་ང་ལ་སྙོར་སྐྱོང་བྱས་པ་ཧ་ཅང་བཟང་ལ། རང་གི་ཕ་མ་བཞིན་དུ་སྙོར་སྐྱོང་བྱས་བྱུང”ཞེས་རྒན་པས་དགའ་སྤྲོའི་ངང་དེ་ལྟར་བཤད། གསར་འགོད་པས་བལྟས་པ་ན། རྒན་པའི་ཁང་པ་ཆེ་རྒྱུ་མེད་རུང་། གཙང་ཞིང་གྲ་དག་པ་ཞིག་འདུག ཁོས་གྱོན་ཡོད་པའི་སྟོད་ལྭ་ནག་པོ་དང་དོར་མ་སྔོན་པོ་དེའང་གཙང་མར་བཀྲུས་ཡོད་པར་མ་ཟད། ནང་ལྭ་དཀར་པོ་དེའི་གོང་ང་ཡང་གཙང་མ་ཡིན་པས་གསར་པ་ཞིག་དང་འདྲ།

གསར་འགོད་པས་རྒྱུན་ལྡན་གྱི་འཚོ་བའི་གནས་ཚུལ་འདྲི་སྐབས་ལྷ་མོ་འབྲུག་མཚོ་ངོ་གནོང་བཞིན“རང་ཁྱིམ་གྱི་མི་དང་གཅིག་འདྲ་ཡིན། ངས་བལྟས་ན་ཧ་ཅང་བཟང་། ཟ་མ་ཟ་དུས་ཐུར་མ་ལྷག་མ་ཆ་ཞིག་འཇོག་དགོས་པ་ཙམ་རེད”ཅེས་བཤད། གཞེས་ནིང་ལོར་ལྷ་མོ་འབྲུག་མཚོ་གཉེན་སྒྲིག་བྱས་རྗེས་མོ་དང་ཁྱོ་ག་གཉིས་ཀྱིས་རྒན་པ་རང་ཁྱིམ་དུ་བསུས་ཏེ་འཚོ་བ་རོལ། འཚོ་བ་ཕྱུག་རྒྱུ་མེད་རུང་། ཁྱིམ་ཚང་གང་པོ་ཧ་ཅང་འགྲིག་མཐུན་ཡིན་པས། ཉིན་རེའི་ཟས་ཐུན་གསུམ་པོ་རྒན་པའི་འདོད་བློ་ལྟར་ལས་པ་དང་། གྱོན་ཆས་རྒྱུན་པར་གཙང་མ་ཞིག་གྲ་སྒྲིག་བྱས་ཡོད། ལོ་འགའི་འཚོ་བའི་ནང་གྱོན་ཆས་གྱོན་པ་དང་ཟ་མ་ཟ་བ། གླེང་མོལ་བྱེད་པ་བཅས་ལས། དོན་དག་ཆེན་མོ་ཞིག་མེད། འོན་ཀྱང་རྒན་པས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ལྷ་མོ་འབྲུག་མཚོ་རང་གི་བུ་མོའི་ཚབ་ཏུ་བཞག་ཡོད།

“རེད་ཡ།2015ལོར་སྲིད་གཞུང་གིས་ང་དང་ཨ་ཁུ་གཉིས་ལ་སྙོར་སྐྱོང་གི་གྲོས་འཆམ་ཡི་གེ་ཞིག་འཇོག་ཏུ་བཅུག་པས། ཟླ་རེར་ངས་ད་རུང་སྒོར800ཡི་ཁ་གསབ་ལེན་ཐུབ”ཅེས་ལྷ་མོ་འབྲུག་མཚོས་དེ་ལྟར་བཤད་པ་ལ། གུང་ཧོ་རྫོང་དམངས་སྲིད་ཅུས་ཀྱི་ལས་བྱེད་མི་སྣ་མགོན་པོ་ཚེ་བརྟན་གྱིས“ང་ཚོས་བརྟག་ཞིབ་བྱས་པ་ལྟར་ན། ང་ཚོའི་གུང་ཧོ་རྫོང་དུ་ཁྲོ་རྒྱལ་འབུམ་དང་ཚེ་དབང་ཆུང་བ་ལྟ་བུའི་ལྔ་སྐྱོང་པ་མང་པོ་ཡོད། ཁོ་ཚོའི་ལོ་ན་དང་ལུས་ཕུང་། དཔལ་འབྱོར་གནས་ཚུལ། ཁྱིམ་ཚང་གི་ཁོར་ཡུག དེ་མིན་བདག་སྐྱོང་བྱེད་མི་མེད་པ་སོགས་ཀྱི་རྐྱེན་གྱིས་འཚོ་བའི་སྟེང་དཀའ་ངལ་ཡོད། རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ཡོད་རུང་། འཚོ་བ་རོལ་དཀའ་བ་དང་ནད་ལ་བརྟག་དཀའ་བ། དོན་དག་བསྒྲུབ་དཀའ་བ། སེམས་གསོ་ཐོབ་དཀའ་བ་སོགས་ཀྱི་དཀའ་ཁག་ཡོད”ཅེས་བཤད།

མགོན་པོ་ཚེ་བརྟན་གྱིས་གསར་འགོད་པར་བཤད་རྒྱུར། གནས་ཚུལ་འདིར་དམིགས་ནས། 2015ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་རོང་འབྲོག་ཁུལ་གྱི་དཀའ་ངལ་རྒན་པ་ཚབ་སྙོར་བྱེད་པའི་ཞབས་ཞུ་བྱ་བ་ལག་ཏུ་བསྟར་མགོ་བརྩམས་པ་དང་། བྱ་བ་འདིས་དཀའ་ངལ་ཡོད་པའི་རྒན་པའི་འཚོ་བའི་གནས་ཚུལ་ནུས་ལྡན་སྒོས་ལེགས་སྒྱུར་བྱས། ཞིབ་བཤེར་བྱས་པ་ལྟར་ན། གུང་ཧོ་རྫོང་ཁོ་ན་རུ་ཆ་རྐྱེན་འཛོམས་པའི་རྒན་པ157ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།