ཨུ་ཡོན་ཅུས་ཧུང་ཧྭ་ཡིས་ན་གོར་མོ་གྲོང་ཁྱེར་དེ་རྒྱུད་གཅིག་ལམ་གཅིག་གི་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ལྕགས་ལམ་དང་ན་གོར་མོ་ནས་ཞིན་ཅང་ཁུའུ་ཨེར་ལི་བར་གྱི་ལྕགས་ལམ། ཏུང་ཧོང་ནས་ན་གོར་མོ་བར་གྱི་ལྕགས་ལམ། ཞིན་ཅང་ནས་མཚོ་སྔོན་དང་སི་ཁྲོན་བར་སོགས་ཞིང་ཆེན་རིམ་པའི་མགྱོགས་བགྲོད་གཞུང་ལམ་བཅས་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ་དང་བསྟུན་ནས། ན་གོར་མོའི་མཚོ་སྔོན་གྱི་འགྲིམ་འགྲུལ་ལྟེ་བའི་དགེ་མཚན་སྔར་ལས་མངོན་གསལ་དུ་གྱུར་ཏེ། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཐད་འགྲིམ་འགྲུལ་གྱི་རྨང་གཞི་བཏིངས། དེར་བརྟེན། མཚོ་སྔོན་དུ་སྡོད་པའི་སྲིད་གྲོས་ཨུ་ཡོན་ཅུས་ཧོང་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་དེ་རྒྱུད་གཅིག་ལམ་གཅིག་གི་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།

ཅུས་ཧོང་ཧྭ་ཡིས་གྲོས་གཞིའི་ནང་བཤད་རྒྱུར། རྒྱད་གཅིག་ལམ་གཅིག་གི་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཚེ། མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་གཉིས་ཀྱིས་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་ལམ་བུ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད་ལ་སྦྲེལ་ཞིང་རྒྱལ་སྤྱི་ལ་ཁ་ཕྱོགས་པའི་དེང་རབས་དངོས་ཟོག་སྐྱེལ་འདྲེན་རྟེན་གཞི་འཛུགས་པ། མཚོ་ནུབ་ཁུལ་གྱི་གནམ་གྲུ་ཐང་ལ་རྒྱབ་རྟེན་བྱེད་པ་དང་ས་ཁོངས་བརྒལ་བའི་གློག་ཚོང་འཕེལ་རྒྱས་སུ་གཏོང་བར་གཞོགས་འདེགས་བྱེད་པ། མཚོ་ནུབ་ཁུལ་གྱི་ཚྭ་སོགས་བཟོ་གཏེར་ཐོན་རྫས་དང་འཕང་འབྲས་དམར་པོ་དང་ནག་པོ། ནོར་ལུག་སོགས་ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་ཕྱི་རྒྱལ་དུ་བསྐྱོད་པ་བཅས་ཀྱི་ཐད་ཕན་འདོགས་ཐུབ། དེ་དང་མཉམ་དུ། མཚོ་བོད་མཐོ་སྒང་གི་ཁུལ་ཁོངས་རང་བཞིན་གྱི་དེང་རབས་དངོས་ཟོག་སྐྱེལ་འདྲེན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། མཚོ་བོད་ལྕགས་ལམ་དང་ན་གོར་མོ་ནས་ཞིན་ཅང་ཁུའུ་ཨེར་ལི་བར་གྱི་ལྕགས་ལམ། རྒྱལ་ལམ109སོགས་གཞུང་ལམ་གཙོ་བོར་རྒྱབ་བརྟེན་ནས། ཚོང་ལས་འགྲེམ་སྟོན་དང་དངོས་ཟོག་སྐྱེལ་འདྲེན། ཉར་གསོག་གི་རྩོལ་ནུས་གཞི་གཅིག་ཏུ་འདུ་བའི་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ར་བ་འཛུགས་སྐྲུན་བྱས་པ་དང་། དེའི་ཁར་ན་གོར་མོ་གྲོང་ཁྱེར་གྱི་དཔལ་འབྱོར་གྲུབ་ཚུལ་དང་ཁུལ་ཁོངས་བཟོ་ལས་གྲུབ་ཚུལ་འོས་མཐུན་ཡིན་ལ། བར་སྟོང་ཆེ་ཞིང་རྩོལ་ནུས་ཆ་ཚང་བ་དང་། དེ་དག་གིས་ན་གོར་མོ་གྲོང་ཁྱེར་དེ་རྒྱུད་གཅིག་ལམ་གཅིག་གི་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་ཐུབ་ཟེར།

ཅུས་ཧོང་ཧྭ་ཡིས། རྒྱལ་ཁབ་ཀྱིས་ལས་གཞི་བཙུགས་ནས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་པ་དང་། སྟབས་བདེ་བའི་སྐྱེལ་འདྲེན་ལམ་བུ་དང་ཆ་འཕྲིན་ལག་རྩལ་ལ་རྒྱབ་རྟེན་བྱས་ནས། དངོས་ཟོག་སྐྱེལ་འདྲེན་དང་ཚོང་ཟོག་ཚབ་འདྲེན། ཕྱོགས་གསུམ་པའི་དངོས་ཟོག་དང་གྲུ་ཁའི་ལྟ་སྐུལ་དོ་དམ་སོགས་ཕྱོགས་བསྡུས་རྩོལ་ནུས་གཞི་གཅིག་ཏུ་འདུ་བྱས་ཏེ། དེ་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་སྐམ་སའི་གྲོང་ཁྱེར་དུ་འགྱུར་བར་བྱེད་རྒྱུའི་གྲོས་གཞི་བཏོན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།