སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་བྱ་གཞག་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན། རང་ཞིང་གིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་རིག་རྩལ་བྱ་བ་ལས་མཁན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་དམིགས་པ་དང་།“བསྒྱུར་བ་བཞི”ལ་སྐུལ་འདེད་བྱེད་ཅིང་། དུས་རབས་ཀྱི་འཕེལ་རྒྱས་དང་མཉམ་དུ་མདུན་ཕྱོགས་སུ་བསྐྱོད་པ་དང་།ཏང་དང་མི་དམངས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱེད་པ། རིག་གནས་རང་རྟོན་སྲ་བརྟན་དུ་གཏོང་བ་དང་། འགན་འཁྲིའི་ལས་འགན་སེམས་སུ་དམ་འཛིན་བྱེད་པ། ཕུལ་བྱུང་བརྩམས་ཆོས་མང་དུ་ཐོན་པར་བྱས་ནས།མཚོ་སྔོན་གྱི་རིག་རྩལ་བྱ་གཞག་ཐད་མེ་ཏོག་མཉམ་བཞད་དང་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་ལེགས་པོ་ཞིག་འབྲི་བཞེངས་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། པད་གོ་དང་མེ་སྒྲོན།ཁྱུང་མོ་སྐྱིད།ཧྥུ་ཅིན་ཆིང་། དབང་གྲགས། མ་ཆོན། ལི་ཁྲིན་ཅུན་བཅས་རིག་རྩལ་བྱ་བ་ལས་མཁན་གྱི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་ཅིང་། རྒྱལ་ཡོངས་ཀྱི་རིག་རྩལ་འཐུས་མིའི་ཚོགས་འདུ་དང་རྩོམ་པ་པོའི་འཐུས་མི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་བརྗེ་རེས་བྱས་ཤིང་། རིག་རྩལ་བྱ་བ་དང་རིག་རྩལ་གསར་རྩོམ་ཁྲོད་ཀྱི་བསམ་གཞིག་དང་ཐོབ་བྱ་ལྷུག་པོར་བརྗོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་ཆབ་སྲིད་ལ་དོ་སྣང་དང་ལས་སྒོ་ཤེས་པ། ལས་ཀ་སྒྲུབ་ཐུབ་པ། སྲི་ཞུ་སྒྲུབ་འདོད་ཡོད་པའི་ལས་བྱེད་པ་རིག་རྩལ་བྱ་བའི་མགོ་ཁྲིད་ལས་རྐང་དུ་འཇོག་དགོས་ཞེས་པ་ཇི་ལྟར་ངོས་འཛིན་དགོས།” “ནང་དོན་ཡོད་པ་དང་ཀུན་སྤྱོད་ཡོད་པ། བརྩེ་སེམས་ཡོད་པའི་རིག་རྩལ་བརྩམས་ཆོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།”“སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་བསྒྲེང་དགོས་ཞེས་པ་ལ་ཇི་ལྟར་ངོས་འཛིན་བྱ་དགོས།”གཏམ་བཤད་པའི་བརྒྱུད་རིམ་ཁྲོད་དུ། ཝང་གོ་ཧྲེང་གིས་དུས་ངེས་མེད་དུ་འདྲི་ཚིག་དྲིས་ཏེ། ཚང་མ་དང་མཉམ་དུ་ཕན་ཚུན་གླེང་མོལ་བརྗེ་རེས་བྱས།

གཏམ་བཤད་མཇུག་རྫོགས་རྗེས། ཝང་གོ་ཧྲེང་གིས་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པ་མགོ་རྩོམ་མཛད་སྒོའི་སྟེང་སྤེལ་བའི་གསུང་བཤད་གལ་ཆེན་གྱིས། རང་རྒྱལ་གྱི་རིག་རྩལ་བྱ་གཞག་ཡུན་རིང་འཕེལ་རྒྱས་ཀྱི་གནད་དོན་ཆེན་པོ་ལ་གཏིང་ཟབ་མོས་ལན་བཏབ་ཡོད་ཅིང་། གསར་གཏོད་རང་བཞིན་གྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གཞུང་ལུགས་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་སུ་བཏང་ཡོད་ལ། འདི་ནི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་གསུང་བཤད་གནང་རྗེས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ང་ཚོས་སྔར་ལས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བྱ་དགོས་ཤིང་། དགོངས་དོན་གྱི་ངོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ནན་ཏན་གྱིས་ལག་ལེན་དངོས་འབེབས་དམ་འཛིན་བྱེད་པ་དང་། རང་ཞིང་གི་རིག་རྩལ་བྱ་གཞག་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཝང་གོ་ཧྲེང་གིས་ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་གཞག་ཐད་བླངས་པའི་གྲུབ་འབྲས་དང་རྒྱ་ཆེའི་རིག་རྩལ་ལས་བྱེད་མཁན་གྱིས་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་རྗེས་དམིགས་སུ་བཀར་ནས་གནད་དོན་ལྔ་ནན་བཤད་བྱས།

གཅིག་ནས་རིག་རྩལ་བྱ་བའི་ཁ་ཕྱོགས་ཡང་དག་པ་དེ་དམ་པོར་ཁོང་དུ་ཆུད་དགོས། ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཐབ་ཕྱོགས་དང་ཁྱད་པར་དུ“འདུ་ཤེས་བཞི”ལག་ལེན་བྱེད་པའི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་རིག་རྩལ་འཐུས་མིའི་ཚོགས་འདུ་དང་རྩོམ་པ་པོའི་འཐུས་མིའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་བྱས་ནས།རྒྱ་ཆེའི་རིག་རྩལ་ལས་བྱེད་མཁན་གྱི་བསམ་བློ་དང་བྱ་སྤྱོད་དག་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་བའི་སྟེང་ལ་གཅིག་གྱུར་བྱེད་དགོས། གསུང་བཤད་ཀྱི་དགོངས་དོན་མཛུབ་སྟོན་དུ་བརྩིས་ཏེ། རིག་རྩལ་བྱ་བའི་ཁ་ཕྱོགས་ཡང་དག་པ་སྔར་ལས་བརྟན་པོའི་སྒོ་ནས་རྒྱུན་འཁྱོངས་བྱེད་དགོས་ལ། རིག་རྩལ་བྱ་བའི་དམིགས་འབེན་ལས་འགན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སྔར་ལས་ནུས་ལྡན་གྱི་སྒོ་ནས་རིག་རྩལ་བྱ་བའི་དཀའ་ཁག་དང་གནད་དོན་སེལ་ཐབས་བྱེད་དགོས། ཁ་མིན་དོན་གྱིས་གསུང་བཤད་ཀྱི་དགོངས་དོན་དེ་བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བའི་སྟེང་དུ་དངོས་འབེབས་བྱེད་དགོས་པ་དང་། སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སྟེང་དུ་དངོས་འབེབས་བྱེད་པ། གསར་རྩོམ་གྱི་ཆུ་ཚད་མཐོ་རུ་འདེགས་པའི་སྟེང་དུ་དངོས་འབེབས་བྱེད་པ། གྲུབ་འབྲས་མང་དུ་ཐོན་པ་དང་འཇོན་མི་མང་དུ་ཐོན་པའི་སྟེང་དུ་དངོས་འབེབས་བྱེད་དགོས།

གཉིས་ནས་འགྱུར་མེད་ཀྱི་རིག་གནས་རང་རྟོན་གྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་ཞུ་སྒྲུབ་དགོས། རིག་གནས་རང་རྟོན་ནི་རིག་རྩལ་གསར་རྩོམ་གྱི་བསམ་བློའི་རྫོང་མཐུག་པོ་དང་བསམ་བློའི་འབབ་ས། བསམ་བློའི་སྣེ་ཁྲིད་བཅས་ཡིན། རྒྱ་ཆེའི་རིག་རྩལ་ལས་བྱེད་མཁན་གྱིས་རིག་གནས་རང་རྟོན་བརྟན་པོ་དེ་ལུས་ཆགས་སེམས་རྟེན་གྱི་རྩ་བར་བཞག་ནས།རིག་གནས་དར་ཆ་མཐོན་པོར་བསྒྲེང་བ་དང་། རིག་གནས་ལངས་ཕྱོགས་བརྟན་པོར་བསྲུང་བ། རིག་གནས་དགེ་མཚན་གསལ་བར་མངོན་པ། རིག་རྩལ་གསར་རྩོམ་གྱི་ཁྲོད་དུ།རིག་གནས་རང་རྟོན་བརྟན་པོ་བྱེད་པ་དང་རིག་གནས་རང་རྟོན་གྱིས་རང་རྟོན་ཅན་གྱི་རིག་གནས་འཛུགས་སྐྲུན་བྱེད་དགོས་ཤིང་། ངར་ཤུགས་ཡོད་པ་དང་རང་གཤིས་ཡོད་པ། སྤྲོ་ཉམས་ཡོད་པའི་བརྩམས་ཆོས་གསར་རྩོམ་བྱེད་དགོས། ང་ཚོས་མཚོ་སྔོན་གྱི་རིག་གནས་རང་རྟོན་བརྟན་པོར་གཏོང་བ་དང་། མི་སེམས་ལ་སྐུལ་མ་གཏོང་བའི་རིག་རྩལ་བརྩམས་ཆོས་ཀྱིས། ཞིང་ཆེན་ཡོངས་ཀྱི་མི་དམངས་རྣམས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་བསམ་པའི་སྟོབས་ཤུགས་གོང་བུར་སྒྲིལ་དུ་འཇུག་དགོས།

གསུམ་ནས་མཚོ་སྔོན་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་བློ་ཁོག་ཏུ་བདེན་དོན་ཡོད་པ་དང་སེམས་ཁོང་དུ་མི་དམངས་ཡོད་པ། ཕྲག་སྟེང་དུ་འགན་ཁུར་ཡོད་པ། སྨྱུག་འོག་ཏུ་འཇིག་རྟེན་ཡོད་པ་ཞེས་པའི་བླང་བྱ་ལྟར། “ཏན་ཏན་ཏིག་ཏིག་བཞི”དང“བསྒྱུར་བ་བཞི”ཡི་མངོན་སུམ་ལག་ལེན་ལ་དམ་པོར་དམིགས་ནས། དུས་རབས་ཀྱི་འབོད་སྒྲ་མཚོན་པ་དང་མི་དམངས་ཀྱི་ཧུར་བརྩོན་མངོན་སྟོན།མི་རིགས་ཀྱི་སྙིང་སྟོབས་དར་སྤེལ།ཡ་རབས་ཀྱི་བློ་སྦྱོང་ཐོབ་པར་བྱེད་པའི་ཕུལ་བྱུང་གི་བརྩམས་ཆོས་སྔར་ལས་མང་པོ་ཞིག་བརྩམ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་བྱེད་པ་ནི་རིག་རྩལ་ལས་བྱེད་མཁན་གྱི་རྩ་བའི་ལས་འགན་ཡིན། གསར་སྐྲུན་གྱི་སྙིང་སྟོབས་དེ་རིག་རྩལ་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་བཅུག་སྟེ། མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བཟང་པོ་བྱས་ནས། དྲ་རྒྱའི་རིག་རྩལ་གསར་རྩོམ་བྱེད་པ་ལེགས་འཛིན་བྱེད་པ་དང་། གསར་སྐྲུན་གྱི་རིགས་ལམ་དང་བྱེད་ཐབས།རྣམ་པ་བཅས་བཀོལ་ཤེས་བྱས་ཏེ། དུས་རབས་ཀྱི་འགྱུར་ལྡོག་གསར་པ་དང་མི་དམངས་མང་ཚོགས་ཀྱི་རྣམ་པ་གསར་པ་མཚོན་ཐབས་བྱེད་དགོས། “སྐོར་ཞིག་ཇུས་འགོད་བྱེད་པ། སྐོར་ཞིག་གསར་རྩོམ་བྱེད་པ། སྐོར་ཞིག་འགྲུབ་པར་བྱེད་པ།”ཞེས་པའི་རིགས་ལམ་ལྟར། མཚོ་སྔོན་གྱི་གཤིས་ཉམས་ལྡན་པ་དང་རབ་མཛེས་ཀྱི་བཟོ་ལྟ་ཡོད་པ།མང་ཚོགས་ཐོས་དགའ་མཐོང་སྤྲོ་ཡིན་པའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གང་མང་རྩ་འཛུགས་བྱས་ནས་གསར་རྩོམ་བྱེད་དགོས།

བཞི་ནས་བྱང་ཚད་མཐོ་བའི་རིག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཅི་ཐུབ་བྱེད་དགོས།རིག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པ་དེ་ལྷག་ཏུ་འབུར་ཐོན་ཡིན་པའི་གོ་གནས་སུ་བཞག་སྟེ། ཧུར་བརྩོན་གྱིས་མཁས་པའི་ཡང་རྩེ་སྐོར་ཞིག་དང་རྐང་འཛིན་འཇོན་མི་སྐོར་ཞིག ན་གཞོན་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་ཏེ།ཚན་རིག་དང་མཐུན་པའི་ཤེས་ལྡན་འཇོན་མིའི་དཔུང་སྡེ་ཞིག་ཆགས་པར་བྱེད་པ་དང་། རིག་རྩལ་བྱ་གཞག་ཡར་རྒྱས་གོང་འཕེལ་གྱི་ཐད་སྟོབས་དང་ལྡན་པའི་འཇོན་མིའི་འདེགས་སྐྱོར་ཞིག་མཁོ་འདོན་བྱེད་དགོས།

ལྔ་ནས་ཏང་གིས་རིག་རྩལ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས (ཏང་ཙུའུ)རིག་རྩལ་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་འཇོག་དགོས་པ་དང་། ཏང་གི་རིག་རྩལ་བྱེད་ཕྱོགས་སྲིད་ཇུས་ལག་ལེན་བཟང་པོ་བྱས་ཏེ། རིག་རྩལ་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་ལེགས་འདེམ་ཧྲག་བསྐོ་བྱེད་དགོས། བཅོས་བསྒྱུར་ཟབ་སྤེལ་བྱས་ནས། རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་བྱ་བ་གཞི་རིམ་དུ་ཁ་ཕྱོགས་པར་སྐུལ་འདེད་བྱེད་པ་དང་། རྒྱ་ཆེའི་རིག་རྩལ་ལས་བྱེད་མཁན་གྱི་རྒྱ་བསྐྱེད་ལ་ཞབས་ཞུ་ཞུས་ནས། རྒྱུན་ཆད་མེད་པར་རྩ་འཛུགས་ཀྱི་ཡིད་འགུག་ནུས་པ་དང་འདྲེན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་བྱ་བའི་ཁེབས་ཚད་རྒྱ་བསྐྱེད་དེ། རྒྱ་ཆེའི་རིག་རྩལ་ལས་བྱེད་མཁན་རྣམས་སྔར་ལས་ཁྱབ་རྒྱ་ཆེ་བའི་སྒོ་ནས་མཐུན་སྒྲིལ་དང་གོང་བུ་གཅིག་འགྲིལ་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།