མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་མིག་སྔའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་མིག་སྔའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མིག་སྔར། བྱ་བ་སྣ་ཚོགས་ཐད་ཀྱི་ལས་འགན་ཧ་ཅང་ལྕི་བས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་དང་ནང་སྒོས་སུ་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་གཉིས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་བ་བཟང་བོར་བསྒྲུབ་དགོས། དམིགས་འབེན་དམ་འཛིན་བྱས་ནས། བྱ་བ་བརྟན་བརླིང་ངང་སྤེལ་དགོས། མང་ཚོགས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་ཐད་ནས་བྱུང་བའི་འགྱུར་ལྡོག་གསར་བ་མཐོང་ཐུབ་པ་དང་། འཕེལ་རྒྱས་ལ་བརྟེན་ནས་བྱུང་བའི་འགྱུར་ལྡོག་གསར་བ་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དཔྱིད་ཀའི་རྨོ་འདེབས་མགོ་རྩོམ་ལ་ཉེ་བས། མིག་སྔར་གཙོ་བོར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྩ་འཛུགས་ལས་བྱེད་པ་གཞི་རིམ་དུ་སོང་ནས་ཡིག་ཆ་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་དུ་འཇུག་དགོས། ཁྱིམ་ཚང་དུ་སོང་ནས་སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་བརྟག་བཤེར་བྱེད་པ་དང་། གཞི་རིམ་གྱི་གནས་ཚུལ་གསར་བར་རྒྱུས་ལོན་གསལ་བོ་བྱེད་པ། གནད་དོན་གསར་བ་རྙེད་པར་བྱེད་པ། ཐག་གཅོད་ཀྱི་བྱེད་ཐབས་བཟང་བོ་ཕྱིར་འདོན་དགོས། སྒྲོག་འགྲེལ་བྱ་བ་དང་མིག་སྔའི་ཞིང་གསུམ་བྱ་བ་བཟང་བོ་བསྒྲུབ་པ་་གཉིས་ཟུང་འབྲེལ་བྱས་ཏེ། མིག་སྔའི་དཔྱིད་ཀའི་རྨོ་འདེབས་བྱ་བ་བཟང་བོ་བསྒྲུབ་དགོས། ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཉམས་ཞན་ས་ཁོང་དུ་ཆུད་པར་བྱེད་པ་དང་། དཀའ་གནད་དང་གནད་དོན་ཐག་གཅོད་བྱས་ནས། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་འབྲེལ་ཡོད་ས་ཁུལ་དང་ཆེད་བསྐོས་སྡེ་ཁག་ཏུ་སོང་སྟེ་བྱ་བར་ལྟ་སྐུལ་དང་མཛུབ་སྟོན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པ་དང་། འགྱུར་ལྡོག་བཞི་ལག་བསྟར་བྱེད་པར་དམིགས་ནས་བརྟག་བཤེར་ཞིབ་འཇུག་བྱེད་པ། བྱ་བའི་ཟུང་འབྲེལ་བྱེད་ས་དང་ཕན་ཡོད་བྱེད་ཐབས་བཙལ་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཀོད་སྒྲིག་དེ་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱེད་དགོས་ན། གོ་སྐབས་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། སྣེ་ཁྲིད་རང་བཞིན་ལྡན་པའི་ལས་གཞི་ཆེན་པོ་སྐོར་ཞིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མིག་སྔར་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ཐད་ནས་ཕན་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལས་གཞི་ལ་དམ་འཛིན་བྱས་ནས་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་དམ་འཛིན་བྱས་ཏེ་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འགྲོ་གྲོན་ལ་དམ་འཛིན་བྱས་ནས་ཕན་འབྲས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་དམ་འཛིན་བྱས་ཏེ་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ལ་དམ་འཛིན་བྱས་ཏེ་གཏན་འཇགས་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་ནས། འགན་འཁྲི་བགོ་བཤའ་བཟང་བོ་བྱེད་པ་དང་། རེ་རེ་བཞིན་ལག་བསྟར་བྱས་ཏེ། ཧུར་ཐག་གིས་དུས་ཚིགས་དང་པོའི་བྱ་བ་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། འགལ་རྩོད་ཐག་གཅོད་པ་དང་ཉེན་ཁ་ཞིབ་བཤེར་བྱེད་པ། སྤྱི་ཚོགས་བདེ་འཇགས་ལ་དོ་དམ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་སྤེལ་བ་དང་། ས་གནས་གཙོ་བོ་དང་མི་མང་འདུས་སྡོད་བྱེད་སའི་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་། འཕྲལ་བསྟུན་ཇུས་གཞི་གཏན་འབེབས་བྱས་ནས། གཏན་འཇགས་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ལས་འགན་སྣ་ཚོགས་ལ་དམ་འཛིན་བྱེད་དགོས། མིག་སྔར། གཙོ་བོར་རྒྱ་ལོའི་བཅོ་ལྔ་ཉིན་དང་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་མཇལ་སོགས་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་ནས། དུས་ཆེན་སྐབས་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།