རྩྭ་ཐང་གི་སྨན་པ་བཟང་པོ་མཱ་ཝུན་དབྱི།

1.ཁོ་ནི་སྨན་ཁང་ནང་གི་ཆེས་བྲེལ་འཚུབ་ཆེ་བའི་མི་དེ་རེད།

གསར་འགོད་པ་མཱ་ཝུན་དབྱི་ཡི་གཞུང་ལས་ཁང་དུ་སླེབས་པ་ན། མཐོང་ངོར་སྣང་བ་ནི་མང་ཚོགས་ཀྱི་འཚང་ཁ་ཡིན་པས། དེ་ནི་ཡོན་ཀྲང་ཞིག་གི་གཞུང་ལས་ཁང་ཡིན་པར་རློམ་དཀའ་བར་གྱུར་ཀྱང་། མི་ཚོགས་ཀྱི་འཚང་ཁའི་བར་སྲུབས་ནས། བོད་ཀྱི་བུ་ཆུང་ཞིག་གི་ལུས་ཕུང་ལ་བརྟག་དཔྱད་བྱེད་ཞོར་དུ། བོད་སྐད་དག་མོས་བུ་ཆུང་དེ་ལ་ནད་ཀྱི་གནས་ཚུལ་འདྲི་བཞིན་པའི་ཁོའི་ངང་ཚུལ་མཐོང་ཐུབ། དེ་བས་ང་ཡང་མི་ཚོགས་ཀྱི་དབུས་སུ་བཙངས་ནས་ཁོའི་བྱ་བ་སྒྲུབ་སྐབས་ཀྱི་ངང་ཚུལ་རྣལ་མ་དེ་བརྙན་མིག་ཏུ་འདྲེན་ཐབས་བྱས།

ཁོ་ལ་ཁོམ་སྐབས་ཤིན་ཏུ་ཕྲ་བས། ང་ཁོའི་ལས་གྲོགས་དང་ནད་པ་དག་གི་སར་བཅར་འདྲིར་ཕྱིན་པ་ཡིན་མོད། གུང་ཟས་ཀྱི་དུས་སུ་ཡང་ཁོས་ད་དུང་གཞུང་ལས་ཁང་དུ་ནད་པར་བརྟག་དཔྱད་བྱེད་ཀྱིན་འདུག་པས། ཁོ་ལ་བཅར་འདྲི་བྱེད་པའི་བྱ་བ་དེ་གུང་ཟས་རྗེས་ཀྱི་ངལ་གསོའི་སྐབས་ལ་འགྱང་དགོས་བྱུང་།

ངས་མཱ་ཝུན་དབྱི་ཡི་ལས་གྲོགས་རྣམས་ལ་ཆེས་བརྗེད་པར་དཀའ་བའི་དོན་དག་གང་རེད་ཅེས་དྲིས་པར། ཁོ་ཚོས་མ་གྲོས་གཅིག་མཐུན་གྱིས་ད་ལོའི་ཟླ5པའི་ནང་གི་དོན་དག་ཅིག་གླེང་བྱུང་།

དེ་ནི་གཟའ་མཇུག་གི་ཉིན་མོ་ཞིག་རེད། ཁྱིམ་ལ་མ་ལོག་པར་ཉིན་ག་ཙམ་འགོར་སོང་བའང་བརྗེད་པའི་མཱ་ཝུན་དབྱི་སྨན་ཁང་ལས་བུད་དེ་ཅང་མ་འགོར་བར། ནད་པ་ཞིག་སླེབས་པའི་བརྡ་འབྱོར་བས་ཕྱིར་སྨན་ཁང་དུ་ལོག་དགོས་བྱུང་བ་དང་། ནད་པ་དེར་གསོ་བཅོས་བྱས་རྗེས་ཁོ་རང་ཡང་བསྐྱར་ཡུལ་ལ་ལོག་པའི་ལམ་དུ་ཞུགས་ཤིང་། སྤྱི་ལེ་འགའ་ཞིག་གི་མཚམས་ལ་སླེབས་པ་ན། ཁ་པར་ཞིག་འབྱོར་ཏེ་ཡང་བསྐྱར་སྨན་ཁང་དུ་བོས་སོང་། དེ་ལྟར་ཐེངས་གསུམ་པར་ཡུལ་ལ་ལོག་སྐབས། ཁོ་དམེ་ཤུལ་གྲོང་རྡལ་དུ་འབྱོར་ཟིན་མོད། ནད་པ་ལྕི་མོ་ཞིག་གི་གནས་ཚུལ་འབྱོར་བས། ཁོ་རང་མྱུར་བ་མྱུར་དུ་ཕྱིར་སྨན་ཁང་དུ་འགྲོ་དགོས་བྱུང་། ནད་པ་དེ་བདེ་ལ་འབབ་དུས་གཟའ་སྤེན་པའི་ཕྱི་དྲོར་སླེབས་འདུག་ལ། ཁོ་ཡང་དངོས་སུ་ཡུལ་ལ་ལོག་ཐུབ་སོང་། ཡིན་ན་ཡང་ཁོའི་སེམས་སུ་སྔར་བཞིན་ནད་པ་ཁོ་ན་ཐོགས་ཏེ་ཡོད་ལ། ཁ་པར་གྱི་སྒོ་ཡང་རྟག་ཏུ་ཕྱེས་ཕྱེས་ལ་བསྡད་ཡོད་པར་བཤད།

གསར་འགོད་པ་མཱ་ཝུན་དབྱི་དང་མཉམ་དུ་སྒོར་འབུད་པའི་སྐབས་དེ་ཙམ་དུ་ཡང་། སྒོ་ཁ་ནས་བོད་ཀྱི་རྒད་པོ་ཞིག་གིས་བཀག་ཅིང་། རྒད་པོའི་དྲི་བར་ལན་ལྡོན་རྗེས།  ང་ཚོ་གློག་སྐས་ཀྱི་ཕྱོགས་སུ་སོང་། གློག་སྐས་ཀྱི་སྒོ་ཁ་ནས་ཀྱང་སྐྱེས་པ་དར་མ་ཞིག་དང་འཕྲད་ཅིང་། དེས་མཱ་ཝུན་དབྱི་ལ་རང་གི་ཁ་ནང་དུ་བལྟ་བར་ཞུས་པ་ལ། མཱ་ཝུན་དབྱི་ཡིས་བོད་སྐད་ཀྱི་ལམ་ནས་ཁོ་ལ་གནས་ཚུལ་བཤད་རྗེས། ང་ཚོ་ད་གཟོད་གློག་སྐས་ཀྱི་ནང་དུ་འཛུལ་བ་ཡིན་ལ། ཁོས་ནད་པ་དེའི་ཁ་ནང་དུ་སྐྲངས་འབུར་ཞིག་ཡོད་ལ། དེ་ནི་ཟགས་པ་འཇུ་ལེན་ལས་མང་བས་བསྐྱེད་པ་རེད། ངེས་པར་གཤག་བཅོས་བྱེད་དགོས་ཚུལ་ལབ་བྱུང་། གློག་སྐས་ཀྱི་སྒོ་ཁར་བུད་མ་ཐག གཞོན་པ་ཞིག་གིསXགློག་པར་ཞིག་ཁྱེར་ཡོང་སྟེ་མཱ་ཝུན་དབྱི་ལ་བསྟན་བྱུང་། དེ་ལྟ་དེ་ལྟར། ཁོ་ནི་ལམ་དུ་འགྲོ་དུས་ཀྱང་དེ་འདྲའི་ཁོམ་ལོང་བྲལ་བ་ཞིག་རེད།

2. ཁོ་ནི་ནད་པའི་ཆེས་སྙིང་ཉེ་བའི་མི་དེ་ཡིན།

ཧོར་གྲོང་རྡལ་སྐྱིད་ལུང་སྡེ་བའི་ལོ46ཅན་གྱི་བསྟན་མགོན་རྒྱལ་ལ་མཆིན་པའི་འབུ་སྐྲན་བྱུང་ནས་ལོ་ལྔ་དྲུག་ཅིག་འགོར་ཡོད་ལ། ཁྱིམ་གྱི་འབྱོར་བ་ཞན་པས་སྨན་རྫས་ཁོ་ནར་བརྟེན་ནས་ནད་མགོ་གནོན་ཐབས་ཙམ་དུ་ལུས། ཟླ10པའི་ཚེས15ཉིན། རྩེ་ཁོག་རྫོང་སྨན་ཁང་ནས་མཆིན་པའི་ཐུམ་འབུའི་ནང་གཤག་བཅོས་བྱས་ཤིང་། གཤག་བཅོས་བྱས་པ་ཧ་ཅང་བཟང་། ནད་པའི་ཕ་སྤུན་ནུ་བོ་ཚེ་བརྟན་རྡོ་རྗེས་གསར་འགོད་པར། ངེད་ཚང་ལ་ཤ་ཉེ་མང་ལ། ད་ལོར་མི་བདུན་བརྒྱད་ཙམ་གྱིས་འདི་ནས་གཤག་བཅོས་བྱས་པ་ཡིན། མང་ཆེ་བ་ནི་རྒྱུ་ལྷག་རེད་ལ། གཤག་བཅོས་བྱས་པ་ཤིན་ཏུ་བཟང་ཞེས་བཤད།

སྨན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་ཐེངས་རེར། འབྲོག་པ་མང་ཚོགས་ཀྱིས་ཁོའི་མདུན་ཅོག་སྟེང་དུ་ཁྱིམ་ནས་ཁྱེར་ཡོང་བའི་འོ་མ་དམ་བུ་རེ་དང་། ཐ་ན་ཝ་ཧ་ཧ་དམ་བུ་རེ་བཞག་ནས་ཁོ་ཚོའི་སེམས་མཚོན་པར་བྱེད། ཡོན་ཀྲང་མཱ་ལགས་ཀྱིས་ཁོ་རང་གིས་གསོ་བཅོས་བྱེད་ཐུབ་པ་ཞིག་ཡིན་ན་ཅི་ནུས་ཀྱིས་གསོ་བཅོས་བྱེད་ལ། ཁོ་རང་གིས་གསོ་བཅོས་བྱེད་པའི་ཆ་རྐྱེན་གྱིས་མ་ལོངས་ན་སྨན་ཁང་གཞན་ལ་འབྲེལ་བ་བྱེད། དེ་ཡང་ཁོ་རང་ལས་ཐོག་ཏུ་ཡོད་མེད་ལ་ཁྱད་པར་མེད་པར་ནད་པ་ལ་རོགས་གང་ཐུབ་བྱེད།

ད་ལོ་ལོ72ལ་སོན་པའི་མཁའ་འགྲོ་མཚོ་ཡི་གསུས་པར་སྐྲངས་འབུར་ཞིག་བྱུང་ནས་ལོ་བདུན་བརྒྱད་ཅིག་འགོར་ལ། རྒྱུན་པར་བོད་སྨན་ཁོ་ནར་བསྟེན་བཞིན་ཡོད། རྗེས་ནས་ཟླ་བདུན་གྱི་རིང་ལ་ཞག་མ་རེ་རེར་ཚ་རྒྱག་པ་དང་སྐྱུག་པ་སོགས་ཀྱིས་མལ་སར་ལྷུང་བ་དང་། ལུས་པོ་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར། ཁྱིམ་མི་རྣམས་ཀྱིས་མོ་ལ་གསོན་རེ་མི་འདུག་པར་སྙམ་ན་ཡང་། སྨན་ཁང་དུ་སྔ་ཕྱིར་ཐེངས་གསུམ་ལ་བསྐྱལ། མཇུག་མཐར་ཟླ9པའི་ཟླ་སྨད་ཙམ་ལ་གཤག་བཅོས་བྱས། ད་ལྟ་མལ་ལས་ལངས་ཏེ་འགུལ་སྐྱོད་བྱེད་ཐུབ་པར་གྱུར་ཡོད། མོས་གསར་འགོད་པར་གལ་ཏེ་ཡོན་ཀྲང་མཱ་ལགས་མིན་ཚེ། ང་སྔོན་ཞིག་ནས་ཚེ་ཕྱི་མར་སོང་ཡོད་སྲིད།  ཡོན་ཀྲང་མཱ་ཡིས་ངེད་ཚང་ལ་དཀའ་ཁག་ཆེ་བ་ཤེས་ནས། ཁོ་རང་གིས་མགོ་བཟུང་སྟེ་ང་ལ་སྒོར2000ཞལ་འདེབས་སུ་བྱིན་ཟེར། མོའི་ཁྱོ་ག་བླ་མ་སྐྱབས་ཀྱིས་ཀྱང་ཡོན་ཀྲང་མཱ་ལགས་ཀྱིས་ངའི་བཟའ་ཟླ་སྲོག་ཉེན་ལས་བསྐྱབས་པར་མ་ཟད། སྨན་རིན་མང་པོ་ཞིག་བཅག  སྨན་ཁང་ནས་ཐེངས་གསུམ་ལ་བསྡད་ཀྱང་སྨན་རིན་ལ་སྒོར6000ལས་གཏོང་མ་དགོས། སྨན་ཁང་གཞན་དུ་དེ་འདྲ་དཔེ་མི་སྲིད། ཁོ་ནི་དངོས་ནས་སྨན་པ་བཟང་པོ་ཞིག་རེད་ཟེར།

ནད་གཡོག་མའི་མགོ་གཙོ་ཀྲའོ་ཐིན་མའེ་ཡིས་སྨན་ཁང་དུ་ལོ་བརྒྱད་ལ་བྱ་བ་བསྒྲུབས་པ་དང་། ཡོན་ཀྲང་མཱ་ཡི་སྐོར་གླེང་དུས་སེམས་འགུལ་ཐེབས་པར་བྱེད་པའི་དོན་དག་མང་པོ་ཞིག་བཤད་རྒྱུ་འདུག

ཐེངས་ཤིག་དགོང་མོའི་དུས་ཚོད་བཅུ་ལྷག་ལ་སླེབས་འདུག་ལ། ཡོན་ཀྲང་མཱ་ཡིས་གཤག་བཅོས་ཤིག་གྲུབ་མ་ཐག་ཡིན། སྐབས་དེར་རྒྱུ་ལྷག་ན་བའི་ནད་པ་ཞིག་འབྱོར་བ་དང་། མྱུར་དུ་གཤག་བཅོས་བྱེད་དགོས་པས། ཁོ་ལ་ཟ་མ་བཟའ་ཁོམ་ཡང་མ་བྱུང་བར་ཡང་བསྐྱར་གཤག་བཅོས་ཁང་དུ་འཛུལ་དགོས་བྱུང་།

མཚོ་ཏོ་ཟེར་བའི་ནད་པ་ཞིག་ཞ་བོར་གྱུར་ནས་ལོ་བཅུ་འགོར། མལ་སར་ལྷུང་ནས་ཡུན་རིང་སོང་བས་འཕོངས་ཚོས་ལ་རྨ་བརྡོལ་བ་ཚབས་ཆེ་ལ། འཚོ་བ་ཡང་ཤིན་ཏུ་ཉམ་ཐག་པས། ཡོན་ཀྲང་མཱ་ཡིས་མགོ་བཟུང་སྟེ་སྒོར500ཡི་ཞལ་འདེབས་བྱིན་ལ། སྨན་ཁང་གི་ལས་བཟོ་པ་ཡོངས་ནས་ཀྱང་སྦྱིན་པའི་དགེ་འཕྲོ་བསྐྱངས་ཏེ་བསྡོམས་པས་སྒོར5300འདུས་པ་དང་། སྨན་རིན་མང་པོ་བཅག་སྟེ་མོ་ལ་གསོ་བཅོས་བྱས།

འབྲོག་པ་མང་པོས་ཁྱིམ་ནས་ཕྲུ་གུ་བཙའ་བ་ཡིན་པས། སྨན་པ་འབྲོག་ཁྱིམ་དུ་འགྲོ་དགོས་ལ། ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས་སྦྲུམ་མ་རྣམས་ཀྱིས་ཐང་ལ་སྟན་ཞིག་བཏིང་སྟེེ། དེའི་སྟེང་ནས་ཕྲུ་གུ་བཙའ་བ་ལ། སྨན་པ་རྣམས་ཀྱང་ཐང་ལ་ཙོག་སྟེ་སྐྱེ་བསུའི་སྨན་གཡོག་བྱེད་དགོས། ཐང་ནི་འཁྱག་པ་རྡོ་ཡིན་པས། ཙོག་ཡུན་རིང་ན་པུས་མོ་སྦྲིད་པར་འགྱུར་བ་དང་། གློག་ཐབ་ཀྱི་འགྲམ་ནས་ཡུན་རིང་བསྲོས་ན་ད་གཟོད་རེག་ཚོར་སོས་ཐུབ།

འཕྲལ་བཅོས་ཚན་ཁག་གི་མཱ་ཅུན་གྱིས་བཤད་ན། ཐེངས་ཤིག་བཙས་མ་ཐག་པའི་ཁྱེའུ་ཞིག་གི་དབུགས་རྒྱུན་འགགས་ཏེ་སྨན་ཁང་དུ་སྐྱེལ་ཡོང་བ་ཧ་ཅང་ཉེན་ཁའི་གནས་སུ་འདུག་པས། ཡོན་ཀྲང་མཱ་ཡིས་སེང་རས་ཤིག་ཀྱང་མི་འགེབས་པར་ཐད་ཀར་དུ་ཁྱེའུ་དེ་དང་ཁ་སྦྱར་ནས་དབུགས་འབྱིན་རྔུབ་བྱེད་རོགས་བྱས་ཟེར།

ཡང་ཐེངས་ཤིག་ལ། ཡོན་ཀྲང་མཱ་སྲིད་གཞུང་གི་ནང་ལ་ཚོགས་འདུར་སོང་བ་དང་། ཚོགས་འདུ་གྲོལ་བ་ན་ཆ་སྐོར་སྡེ་བའི་བགྲེས་པོ་ཞིག་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད་པའི་ཁ་པར་ཞིག་འབྱོར། ནད་པ་ནི་ཀླད་རྩ་འགགས་པ་ཡིན་པས་གསིག་སྒུལ་བྱེད་མི་རུང་། ཡོན་ཀྲང་མཱ་ཡང་དེ་མ་ཐག་ལམ་ལ་ཆས་ཏེ་སྨན་བཅོས་བྱེད་དུ་སོང་། ངལ་དུབ་ཀྱིས་མནར་བའི་ཁོ་སྨན་ཁང་གི་སྒོ་ཁར་འབྱོར་དུས། ནད་པ་གཞན་ཞིག་གི་ཁྱིམ་མི་དང་འཕྲད་ཅིང་། ཁྱིམ་མི་དེ་ནི་ཁྲོས་ཐོག་ཏུ་འདུག་ལ། ཡོན་ཀྲང་མཱ་ལ་ཁ་པར་མི་ལེན་དོན་ཅི་ཡིན་ཞེས་དྲིས་པར་མ་ཟད་ཁོའི་ཐོང་རྩར་ཡང་འཇུས། ཡོན་ཀྲང་མཱ་ཡིས་ཁ་པར་གྱི་གློག་ཚར་སོང་བར་བཤད་དེ། ཁ་པར་ཡང་ཁྱིམ་མི་དེའི་ལག་ཏུ་བཞག་ནས་བལྟ་རུ་བཅུག  དེ་ནས་ད་གཟོད་ཐད་ཀར་དུ་གཤག་བཅོས་ཁང་དུ་སོང་ནས་ནན་ཏན་གྱིས་གཤག་བཅོས་འགྲུབ་པར་བྱས།

ཁོམ་སྐབས་རེ་བྱུང་ཚེ། ཡོན་ཀྲང་མཱ་ཡིས་སྨན་པ་རྣམས་ཀྱི་མགོ་ཁྲིད་དེ་ནད་པ་ཚབས་ཆེན་དག་གི་ཁྱིམ་ལ་འཚམས་འདྲིར་འགྲོ་བ་དང་། ལྷག་ཏུ་རྒན་རྒོན་ཁེར་འདུག་དང་འགྲོ་འདུག་མི་འཁྱོངས་པའི་ནད་པའི་ཁྱིམ་ལ་སོང་ནས། ཁོ་ཚོར་རིན་མེད་དུ་སྨན་སྦྱིན་དང་སྨན་བཅོས་བྱས་པ་རེད།   


མཉམ་དུ་བྱ་བ་བསྒྲུབས་ནས་ལོ་དེ་འདྲ་མང་པོ་ཞིག་འགོར་ཡང་། ལས་གྲོགས་རྣམས་ཀྱིས་ཁོས་ནད་པ་ལ་མིན་མེད་ཀྱི་དགག་ཚིག་ཅིག་བཤད་པ་གོ་མ་མྱོང་ཟེར། ཁོ་ནི་ནམ་ཡང་བག་ལྷོད་ཞི་འཇམ་དུ་གནས།

3.ཁོ་ནི་ཁྱིམ་གྱི་སེམས་ཚེགས་ལྕི་བའི་མི་དེ་རེད།

མཱ་ཝུན་དབྱི་ཡི་ཆུང་མ་ལི་ཆའོ་ཧུང་གིས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས་ཀྱི་མྱུར་བཅོས་ཚན་ཁག་ཏུ་ལས་ཀ་གཉེར་བཞིན་ཡོད་ལ། ལས་རིགས་གཅིག་པའི་དབང་གིས་མོས་ཁྱོ་གའི་བྱ་བ་ལ་བསམ་ཤེས་བྱེད་ཐུབ་པར་བཤད། མོས་དེ་ནི་བླ་མེད་ཀྱི་ལས་རིགས་རེད། ཡིན་ན་ཡང་ངོ་མ་ཁོམ་སྐབས་ཤིག་མི་འདུག ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་བཅོ་ལྔ་འགོར་བ་དང་། དེའི་རིང་ས་གནས་གཉིས་ནས་སོ་སོར་བསྡད་པ་ཡིན། ད་ལྟ་བྱིས་པ་ཡང་ལོ12ལ་སོན་འདུག་ཀྱང་། འཛོམས་དཀའ་གྱེས་སླ་ཡི་འཚོ་བ་དེ་རྒྱུན་ལྡན་ཞིག་ཏུ་གྱུར་འདུག་ཟེར།

ལི་ཆའོ་ཧུང་དང་ཁྱོ་ག་གཉིས་ནི་ཟབ་སྦྱོང་གི་སྐབས་ཤིག་ཏུ་ངོ་ཤེས་ཤིང་དགའ་རོགས་སུ་གྱུར་ལ། དེ་དུས་ནས་མ་འོངས་པར་ལྷན་འཛོམས་ཀྱི་དུས་ཚོད་ཉུང་བ་དཔོག་ཐུབ་ན་ཡང་། ཁོའི་གཞུང་དྲང་སེམས་བཟང་དང་འགན་ཁུར་གྱི་བློ་བརྟན་པའི་གཤིས་ཀ་ཡག་པོ་དེ་དག་ལ་བསམས་ནས། བློ་བརྟན་འགྱུར་མེད་ཀྱིས་ཁོ་དང་གཉེན་བསྒྲིགས་པ་རེད། མོའི་སེམས་ནང་གི་ཁྱོ་ག་ནི་ཅི་འདྲ་ཞིག་ཡིན་ཚུལ་དྲིས་པ་ན།  མོས“ཟིལ་ཤུགས་ལྡན་ལ་ཁེངས་སྐྱུངས་མ་བོར་བ། བརྩོན་པ་ཆེ་ཡང་མཁྲེགས་འཛིན་ཆུང་བ”ཞིག་ཡིན་ཚུལ་བཤད།

ལོ་ཞིག་གི་ཟླ་མཆོད་དུས་ཆེན་ལ། མཱ་ཝུན་དབྱི་ཁྱིམ་ལ་སླེབས་ཏེ་ཆུ་ཁམ་གང་ཡང་འཐུང་ཁོམ་མ་བྱུང་བར། ནད་པ་ལྕི་མོ་ཞིག་སླེབས་པའི་བརྡ་འབྱོར་བས། མྱུར་བ་མྱུར་དུ་སྨན་ཁང་དུ་འགྲོ་དགོས་བྱུང་ལ། ལི་ཆའོ་ཧུང་གིས་ཀྱང་ཁོ་ལ་འགྲོ་རོགས་བྱས་ཏེ་སྨན་ཁང་དུ་སོང་། གཤག་བཅོས་བྱས་ཚར་རྗེས་ཕྱི་རོལ་ན་ཁ་བ་ལྷབ་ལྷུབ་འབབ་ཅིང་། ཁོ་གཉིས་མཉམ་དུ་ཁྱིམ་ལ་ལོག ཁྱིམ་ལ་སླེབས་དུས་ཕྱི་ཉིན་ཞོགས་པའི་དུས་ཚོད་བཞི་པར་སླེབས་འདུག

གསར་འགོད་པས་མོར་གལ་ཏེ་ལས་གནས་སྤར་ཆོག་ཚེ། ཁྱོད་ཀྱིས་ཁོར་ལས་གནས་སྤར་དུ་འཇུག་གམ་ཞེས་དྲིས་པར། ལི་ཆའོ་ཧུང་གིས་ལས་གནས་སྤར་ཀྱང་སྨན་པ་བྱེད་དགོས་པ་རེད། ཁོ་རང་སྨན་པའི་ལས་ལ་ཤིན་ཏུ་དགའ་ལ། བོད་ཁུལ་གྱི་མང་ཚོགས་ལ་ཡང་ཁོ་རང་ཤིན་ཏུ་མཁོ་བས། ངས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་མི་འདུག་ཟེར།

བྱིས་པའི་སྤོ་བོ་དང་རྨོ་མོ་གཉིས་ཀྱི་ཁྲག་ཤེད་མཐོ་ལ། ལུས་པོའང་བདེ་རྒྱུ་མེད། བྱིས་པ་དང་རྒན་རྒོན་གཉིས་ལ་བདག་སྐྱོང་བྱེད་པའི་ལས་དེ་ལི་ཆའོ་ཧུང་གི་མགོར་ལྷུང་ཡོད། སྐབས་ཤིག་ལ་བྱིས་པར་ཚ་བརྒྱབ་ནས་ཆམ་པ་ལྗིད་མོ་ཕོག་ཅིང་། ལྷག་པར་དགོང་མོ་ཚ་བ་ཤིན་ཏུ་ཆེ། མོ་གཅིག་པུས་བྱིས་པ་སྨན་ཁང་དུ་འཁྱེར་དགོས་པས། སེམས་ལ་གདུང་བ་ཆེ་ན་ཡང་ཁྱོ་གར་ཁ་པར་བཏང་མ་མྱོང་། རྒྱུ་མཚན་ནི་ཁོ་ཡང་བྱ་བར་བྲེལ་འཚུལ་ཆེ་ལ་ངལ་དུབ་ལྕི་བས་ཡིན་ཟེར། འོན་ཀྱང་། བྱམས་བརྩེ་ལྡན་པའི་མོས་དེ་འདྲའི་དཀའ་ཁག་ཆེན་པོ་མྱོང་གིན་ཡོད་ན་ཡང་། ཁྱིམ་གྱི་ཆེས་ལས་ཚེགས་ལྕི་བའི་མི་ནི་ཁྱོ་ག་ཡིན་པར་བཤད། མཚམས་རེར་ཟ་མའི་སྡེར་ཁ་བསྒྲིགས་ནས་ཁོ་ཁྱིམ་དུ་ལོག་པར་རེ་སྒུག་བྱས་ཀྱང་། སྨན་ཁང་གི་ཁ་པར་འབྱོར་ཚེ་ཁོ་ནི་ཟས་ཁམ་གང་ཟ་དབང་མེད་པར་སྨན་ཁང་དུ་བུད་འགྲོ། བཤད་མཚམས་དེར་ལི་ཆའོ་ཧུང་ནི་མིད་པ་འགགས་ཤིང་སྨྲ་བ་ཆད་ལ། ལུས་པོ་སྐམ་རིད་དུ་གྱུར་ཅིང་བྲེལ་འཚུབ་ཆེ་བའི་ཁྱོ་གའི་འཚོ་བ་ལ་རོགས་འདེགས་ཅི་ཡང་བྱེད་མི་ཐུབ་པར་འགྱོད་གདུང་གིས་ཁེངས་ཤིང་། ཁྱོ་གའི་ལས་དོན་ལ་སེམས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ལས་ཐབས་གཞན་མེད་པར་བཤད།

མཱ་ཝུན་དབྱི་ཁོམ་སྐབས་སུ། བཟའ་མི་གསུམ་ག་རྒྱུན་དུ་རྒན་རྒོན་གཉིས་ལ་སྐོར་རྒྱག་ཏུ་འགྲོ་བ་དང་། ཡང་ན་ཁྲོམ་ལ་ཉུལ་བ་དང་རི་ལ་འགོ་བ། མཉམ་དུ་ཟ་མ་བཟའ་རུ་འགྲོ་བ་སོགས་བྱེད། དེ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཆེས་སྤྱིར་བཏང་གི་འཚོ་བའི་རྣམ་པ་ཞིག་ལས་མ་འདས་ཀྱང་། ལི་ཆའོ་ཧུང་མ་བུ་གཉིས་ལ་མཚོན་ན་ཐོབ་སྐལ་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་དེ་འདྲ་ནི་ཆེས་བདེ་སྐྱིད་ལྡན་པའི་བཟའ་མི་ལྷན་འཛོམས་ཀྱི་དུས་སྐབས་ཤིག་ཡིན།

མཱ་ཝུན་དབྱི་ཡི་ནུ་མོ་མཱ་ཞའོ་ཧུང་ལ་ཡང་རང་གི་ཕུ་བོ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་གླེང་རྒྱུ་འདུག ཁོ་མིང་སྲིང་གཉིས་ཀྱིས་སྔོན་ཆད་རྩེ་ཁོག་རྫོང་བོད་སྨན་ཁང་ནས་ལོ་གཉིས་ལ་མཉམ་དུ་བྱ་བ་བསྒྲུབས་པ་ཡིན་ལ། རྗེས་ནས་མོ་ལས་འཁྱུར་ངལ་གསོ་བྱས། ལོ་ཞིག་གི་ཟླ8པའི་ཉིན་ཞིག་ནི་ཕུ་བོའི་སྐྱེས་སྐར་རེད། དེ་དུས་ཁོ་ཡུལ་ལ་མ་ལོག་པར་ཟླ་གཉིས་གསུམ་ཞིག་འགོར་འདུག  ཨ་མས་ཀྱང་ཁོ་དྲན་ནས་མ་བཟོད་པས། ཁྱིམ་མི་རྣམས་ཀྱིས་རླངས་འཁོར་བསྐོར་ནས་ཟི་ལིང་ནས་རྩེ་ཁོག་ལ་འབྱོར། ཧ་ལམ་ཕྱི་དྲོའི་དུས་ཚོད་གསུམ་བཞི་ཙམ་རེད། མཱ་ཞའོ་ཧུང་གིས་ཕུ་བོ་ལ་ཁ་པར་བཏང་ནས་ཨ་མ་ཁྱོད་ལ་བལྟ་རུ་སླེབས་འདུག་ཅེས་བཤད། ཕུ་བོས་ལག་སྣེའི་ལས་ཀ་ཚར་རྗེས་ཡོང་ཐུབ་པར་བཤད་ན་ཡང་། ཁོ་ཚོས་དགོང་མོའི་དུས་ཚོད་བདུན་བརྒྱད་ཙམ་གྱི་བར་དུ་བསྒུགས་ཀྱང་ཁོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བས། ཨ་མ་དང་མོ་གཉིས་ཀ་སྨན་ཁང་དུ་སོང་། ཁོའི་གཞུང་ལས་ཁང་དུ་ནད་པ་མང་པོ་འདུག་པས། མཱ་ཝུན་དབྱི་ཡིས་ཁང་པའི་ལྡེ་མིག་མོ་གཉིས་ལ་བྱིན་ནས། མོ་གཉིས་ཁང་པའི་ནང་དུ་སོང་ལ་སྡོད་ཟེར། མ་བུ་གཉིས་ཀྱིས་མཱ་ཝུན་དབྱི་ཡི་བྱ་བར་བར་ཆད་བཟོ་དོགས་ཀྱིས་ཁོའི་མལ་ཁང་དུ་སོང་བ་ལ། ཁོའི་མདུན་ཅོག་ཏུ་སྦངས་ཟིན་པའི་སྟབས་བདེ་ཐུག་པ་སྣོད་གང་ཡོད་པ་ཁམ་གང་ཡང་མ་ཟོས་པར་བསྐྱུར་འདུག་པ་མཐོང་བས། ཨ་མ་ནི་སེམས་ཤིན་ཏུ་སྐྱོ་བར་གྱུར་ཅིང་། སྨན་པ་ཉུང་བའི་གནས་འདི་ནས་བུས་ནད་གསོ་སྲོག་སྐྱོབ་ཀྱི་ལས་ལ་འབད་ཀྱང་། བྲེལ་འཚུབ་ཀྱིས་ཟས་ཁམ་གང་ཟ་བའི་དུས་ཚོད་ཀྱང་མེད་པའི་ཚད་ལ་སླེབས་འདུག་ཨང་སྙམ། ནམ་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ། མཱ་ཝུན་དབྱི་ད་གཟོད་ཕྱིར་སླེབས་པ་དང་གཞི་ནས་རང་ཉིད་ཀྱི་སྐྱེས་སྐར་ཡིན་པ་ཤེས། ཁྱིམ་མི་ཚོས་ཁོ་ལ་སྐྱེས་སྐར་གྱི་དགའ་སྟོན་སྟབས་བདེ་ཞིག་བཤམས་རྗེས། ཕྱི་ཉིན་ཨ་མ་ཟི་ལིང་ལ་ལོག་ཅིང་། ཅང་མ་འགོར་བར་ན་བར་གྱུར་ཏེ་ཞིང་ཆེན་སྙིང་ནད་སྨན་ཁང་དུ་བསྐྱལ། མཱ་ཝུན་དབྱི་ཨ་མར་བལྟ་རུ་སླེབས་ཤིང་ནད་པའི་ཆེད་དུ་རང་གི་ཆེས་སྙིང་ཉེ་བའི་མི་ལ་ཡང་བདག་སྐྱོང་བྱེད་མ་ཐུབ་སྙམ་ནས་འགྱོད་གདུང་དྲག་པོ་སྐྱེས།

གསར་འགོད་པས་མཱ་ཞའོ་ཧུང་ལ་ཡང་གལ་ཏེ་ཕུ་བོའི་ལས་གནས་སྤར་ཆོག་ཚེ། ཁྱོད་ཀྱིས་ཁོའི་ལས་གནས་གཞན་དུ་སྤར་ན་དགའ་སྙམ་མམ་ཞེས་དྲིས་པར། མོས་ཕུ་བོ་གཅིག་པུ་དེ་འདྲའི་ཁ་ཐག་རིང་ལ་ཆ་རྐྱེན་ཞན་པའི་ས་ཆ་ཞིག་ཏུ་བྱ་བ་སྒྲུབ་ཀྱིན་ཡོད་ལ། ཁྱིམ་མི་རྣམས་ཆེས་མང་ན་ཡང་ལོ་གཅིག་ལ་ཐེངས་ལྔ་ལས་འཛོམས་མི་ཐུབ་པར་བསམས་ན། ཁོའི་ལུས་པོ་བདེ་ཐང་དུ་གནས་ཤིང་བྱ་བ་ཡང་མོ་ཞིག་ཏུ་སྤར་ན་དགའ་བར་འདོད་ལ། ཡང་ཕུ་བོ་ཁོ་རང་ལས་རིགས་དེ་ལ་ཤིན་ཏུ་དགའ་བས་འབྲལ་མི་བཟོད་པར་ཐག་ཆོད་ལ། དེར་འདང་བརྒྱབ་ན་ལས་གནས་མ་སྤར་ན་བཟང་སྙམ་ཟེར།

4. ཁོ་ནི་སྨན་ཁང་གི་ཆེས་ཁྱད་དུ་འཕགས་པའི་མི་དེ་རེད།

མཱ་ཝུན་དབྱི་ཡི་ལས་གྲོགས་ཚོས་ཁོ་ནི་མི་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ཁོ་བྱ་བ་ལ་སྤྲོ་སེམས་ཆེ་ལ་སྡུག་རུས་བཟོད་བསྲན་དང་ལྡན། ནད་པ་དང་ནད་པའི་ཁྱིམ་མི་ལ་བྱམས་བརྩེ་ཆེ། དེ་ལས་ཀྱང་ཁོའི་སྨན་བཅོས་ལག་རྩལ་ཤིན་ཏུ་བཟང་བས་ལས་གྲོགས་ཚོས་ཁོ་རང་སེམས་གཏིང་ནས་ཡི་རངས་བྱེད་ཀྱིན་ཡོད།

གཟའ་མཇུག་ཅིག་ལ། མཱ་ཝུན་དབྱི་གཞན་གྱི་རླངས་འཁོར་ལ་བསྡད་ནས་ཟི་ལིང་ལ་སོང་། དམེ་ཤུལ་གྲོང་རྡལ་དུ་སླེབས་ལ་ཉེ་སྐབས། ནད་པ་ལྕི་མོ་ཞིག་གི་ཁ་པར་འབྱོར་བྱུང་། ནད་པ་དེ་ནི་གདོང་མདོག་སྐྱ་བོར་གྱུར་ཅིང་སེམས་ཁམས་ཤིན་ཏུ་མི་དྭངས་པར་འདུག  མཱ་ཝུན་དབྱི་ཡིས་བལྟས་མ་ཐག་ཁོག་ཏུ་ཁྲག་ཤོར་བ་མང་དྲགས་པར་ངོས་འཛིན་ཐོབ་ཅིངBཁྲའོ་སྒྲ་བརྒལ་ལས་བརྟགས་ཏེ་ཁོག་གི་དོན་སྣོད་གས་པར་ཐག་བཅད། ནད་པ་ནི་ཁྲག་ཤེད་བརྟག་མི་ཐུབ་པའི་ཚད་ལ་སླེབས་འདུག་པས། སྨན་ཁང་གཞན་ལ་སྐྱེལ་བའི་དུས་ཚོད་ཀྱང་མི་འདུག་པར་སྲོག་ཉེན་ལ་ཐུག་འདུག  མཱ་ཝུན་དབྱི་ཡིས་མྱུར་དུ་ནད་པའི་ཁྱིམ་མི་དང་འབྲེལ་འདྲིས་བྱས། ནད་པའི་ཁྱིམ་མིས་གཤག་བཅོས་ལ་ཉེན་ཁ་ཡོད་པ་ཤེས་པས། མྱུར་དུ་གཤག་བཅོས་བྱེད་པར་ཐག་བཅད་ཅིང་། ཁུལ་ཁྲག་མཛོད་ས་ཚིགས་ལ་འབྲེལ་གཏུག་བྱས་ཏེ་ཁྲག་སྐྱེལ་ཡོང་དུ་བཅུག  གཤག་བཅོས་ཀྱི་ཁྲོད་དུ་ནད་པའི་ལྟོ་ཁོག་ནས་ཁྲག་ནི་ཆུ་མིག་བཞིན་བརྡོལ་ཞིང་སྙིང་གི་འཕར་ལྡིང་ཡང་འཇགས་པར་གྱུར། “སྡོད་རྩའི་རྒྱུ་ལམ་ཕྱེས།གློ་སྙིང་སླར་གསོ་བྱོས།མྱུར་དུ་ཁྲག་རྒྱོབ།”དེ་ལྟར་དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་མྱུར་སྐྱོབ་བྱས་རྗེས། ནད་པ་རིམ་བཞིན་སད་པར་གྱུར། སྐབས་དེའི་གནས་ཚུལ་མཐའ་དག་ཚང་མའི་སེམས་སུ་གསལ་ལེར་ཡོད།

མིག་སྔར་རྩེ་ཁོག་རྫོང་སྨན་ཁང་གིས་ཕྱི་ནད་དཀྱུས་མའི་རིགས་ཀྱི་གཤག་བཅོས་ལས་སྒོ་སྤེལ་བཞིན་ཡོད་པ་ལས་གཞན། མཱ་ཝུན་དབྱི་ཡི་སྣེ་ཁྲིད་འོག་རྐྱོང་མེད་རྒྱུ་རླུག་གསོ་བའི་གཤག་བཅོས་དང་ཐུམ་འབུའི་ནད་སྣ་ཚོགས་ཀྱི་གཤག་བཅོས། མཁྲིས་སྐྲན་གྱི་གཤག་བཅོས་སོགས་ཀྱང་བྱེད་ཀྱིན་ཡོད། དེར་མ་ཟད་རྫོང་ཡོངས་ནས་ཆེས་ཐོག་མར་ཕོ་བའི་ཆ་མང་ཤས་གཅོད་པའི་གཤག་བཅོས་དང་ཕོ་བརྡོལ་གསོ་བའི་གཤག་བཅོས།རྐང་ལག་གི་རུས་པ་བཅག་པའི་སླར་གསོ་གཤག་བཅོས། རྣག་འགྱུར་ལྷུ་ཚིགས་གཉན་ཚད་དང་ལྷུ་ཚིགས་ཀྱི་རུས་ཆག པུས་ཚིགས་ཀྱི་མདུན་རྒྱབ་བསྣོལ་བའི་རྒྱུས་པ་གསོ་བའི་གཤག་བཅོས། དབང་རྩ་དང་ཁྲག་རྩ་དང་ཤ་རྒྱུས་གསོ་བའི་གཤག་བཅོས་སོགས་གཤག་བཅོས་སྣ་མང་བྱེད་ཐུབ་ཡོད། དུས་མཚུངས་སུ་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གདན་དྲངས་ནས་རྒྱང་བསྟེན་བརྟག་བཅོས་ཀྱི་ལས་སྒོ་ཡང་སྤེལ་བཞིན་ཡོད། ལོ་གཅིག་གི་ནང་ལ་ནད་པ་འདྲ་མིན་མི་ཐེངས2500ལྷག་ལ་གསོ་བཅོས་བྱེད་པ་དང་། གཤག་བཅོས་འདྲ་མིན་ཐེངས500ལྷག་གྲུབ། མ་འོངས་པའི་འཕེལ་རིམ་གྱི་ཁྲོད་དུ། རྩེ་ཁོག་རྫོང་སྨན་ཁང་ནས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་ཚན་ཁག་ཅིག་འཛུགས་རྒྱུ་ནི་མཱ་ཝུན་དབྱི་ཡི་ཆེས་རེ་བ་བྱེད་སའི་སྨོན་འདུན་ཞིག་ཡིན།


ཆུང་དུས་ནས་བཟུང་། སྨན་པ་ཞིག་བྱེད་རྒྱུ་ནི་མཱ་ཝུན་དབྱི་ཡི་ཕུགས་བསམ་ཡིན། ད་ནི་ལས་རྐང་དེའི་སྟེང་ནས་ལོ་མང་པོ་འགོར་ལ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་བླངས་ཡོད་པས། ཁོས་ལྷོད་བག་དང་བཅས་དེ་ནི་ཚང་མས་མཉམ་དུ་འབད་པ་བྱས་པའི་མཇུག་འབྲས་ཡིན་ལ། སྨན་ཁང་དུ་ང་དང་འདྲ་བའི་མི་ད་དུང་མང་པོ་ཡོད་པ་རེད་ཟེར། བརྩོན་འགྲུས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་བརྒྱུད་རིམ་དེ་མཱ་ཝུན་དབྱིའི་ཁྱིམ་མི་དང་ལས་གྲོགས་རྣམས་ཀྱིས་ང་རྒྱལ་ཞིག་ཏུ་རྩི་བཞིན་ཡོད།སྨན་པ་མང་པོ་ཞིག་གིས་ལས་རིགས་དེའི་དཀའ་ཁག་ལ་བསམས་ནས་རང་གི་བྱིས་པ་ལས་དེར་འཇུག་མི་འདོད་པར་སྣང་མོད། སྨན་ཁང་དེའི་སྨན་པ་དཔའ་མོ་སྐྱིད་ཀྱིས་ཡོན་ཀྲང་མཱ་གླེང་ཚེ། གུས་སྨོན་དང་བཅས་ཏེ་སྨན་པའི་ལས་ལ་ཞུགས་པ་ནི་ངོ་མ་རླབས་ཆེ་བའི་ལས་དོན་ཞིག་རེད། དེ་བས་ངའི་བུ་མོ་ཡང་རྗེས་ནས་སྨན་པ་བྱེད་དུ་འཇུག་དགོས། ཡོན་ཀྲང་མཱ་ལྟ་བུའི་ནད་གསོ་སྲོག་སྐྱོབ་ཀྱི་སྨན་པ་ཞིག་བྱེད་དུ་འཇུག་དགོས། བུ་མོས་ཀྱང་ངའི་ཁ་ལ་ཉན་པས། ད་ལྟ་ཧྲན་ཏུང་ཅི་ནན་གསོ་རིག་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་ཟེར།ལི་ཆའོ་ཧུང་གིས་རང་ཉིད་ལ་གནོན་ཤུགས་ཆེ་ལ། མཚམས་རེར་སུ་ལ་ཡང་བརྗོད་ཐབས་བྲལ་བའི་ཁོག་སྡུག་སྲོན་དགོས་ཀྱང་། ཁྱོ་གའི་འབད་བརྩོན་དང་གྲུབ་འབྲས་མཐོང་ན་རང་སེམས་ལ་ང་རྒྱལ་ཞིག་སྐྱེས་འོངས་ལ། རང་ཉིད་ཕུལ་དུ་བྱུང་བའི་ཁྱོ་ག་ཞིག་དང་འཕྲད་སོང་ཟེར།མཱ་ཞའོ་ཧུང་གིས་ཕུ་བོའི་བྱ་བའི་སྤྱོད་ཚུལ་ཤིན་ཏུ་བཟང་བས། ཁོ་ནི་ངེད་ཚང་གི་གཟི་བརྗིད་ཅིག་དང་། ངའི་སེམས་ནང་གི“ཕོ་རྒོད”དོན་དང་ལྡན་པ་དེ་ཡིན་ཟེར།ཐོག་མའི་ཀུན་སློང་བཟང་པོ་ཡིད་ནས་མ་བརྗེད་པའི་མཱ་ཝུན་དབྱི་ཆ་རྐྱེན་ཞན་པའི་རྩེ་ཁོག་རྩྭ་ཐང་ནས་སྨན་པའི་ལས་ལ་ཞུགས་ཏེ་ལོ 21འགོར་ལ། སྔ་གཞུག་ཏུ་རྩེ་ཁོག་འཕྲོད་བསྟེན་འཆར་སྐྱེ་ཅུས་ཀྱིས“2010ལོའི་འཕྲོད་བསྟེན་བྱ་བའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་གནང་བ་དང་། 2011ལོའི་ཟླ6པའི་ཏང་བཙུགས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད“རྫོང་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དུ་བདམས། 2011ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་སྐྱེ་ཨུ་ཡོན་ལྷན་ཚོགས་ཀྱིས“ཕུལ་བྱུང་རྐང་འཛིན་སྨན་པར”བདམས། 2012ལོར་འཕྲོད་བསྟེན་པུའུ་ཡིས“ནུབ་རྒྱུད་ཀྱི་འཕྲོད་བསྟེན་འཇོན་ཐང་མི་སྣར”བདམས། 2014ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས“2013ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་སྐྱེ་བྱ་བའི་སྔོན་ཐོན་མི་སྒེར”དུ་བདམས། 2014ལོའི་ཟླ5པར་གུང་གཞོན་ཚོགས་པ་རྨ་ལྷོ་ཁུལ་ཏང་ཨུས“2013ལོའི་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ན་གཞོན་དཔེ་ལེགས”སུ་བདམས། 2014ལོར་ད་དུང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ཁྲོད“སྔོན་ཐོན་མི་སྒེར”དུ་བདམས་པར་མ་ཟད། 2014ལོར་ཁོ་ལ“མཚོ་སྔོན་ཞིང་ཆེན་གྱི་ཉེ་གམ་གྱི་ན་གཞོན་དཔེ་ལེགས”ཞེས་པའི་མཚན་སྙན་ཡང་གནང་། 2015ལོར“རྨ་ལྷོའི་མི་བཟང”གི་མཚན་སྙན་གནང་བ་དང་། 2016ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི“སྙིང་ཉེ་བའི་སྨན་པ”ཞེས་པའི་མཚན་སྙན་གནང་བ་སོགས་གཟེངས་རྟགས་རབས་དང་རིམ་པ་ཐོབ་མྱོང་། 2015ལོའི་ཟླ7པར་རྩེ་ཁོག་རྫོང་མི་དམངས་སྨན་ཁང་ནི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཚད་རིམ་གཉིས་པའི་སྨན་ཁང་ཀ་བ་རུ་འཕར་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།