མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དམངས་སྲིད་ཐིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་གྲོས་ཚོགས་བསྡུས་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བཅས་བསྡོམས་པས་མི་བདུན་བརྒྱ་ལྷག་གིས་སྙན་ཞུ་ལ་ཉན།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཝེ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧོང་པོ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཆི་ཚེ་བཅས་ཀྱིས་སོ་སོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་འབུར་ཐོན་བྱས་ནས་དམ་འཛིན་བྱེད་པ་སོགས་ཕྱོགས་ནས། ཆ་ཚང་བ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་འགྲེལ་ཀློག་དང་གསལ་བཤད་བྱས། སྙན་ཞུ་ཚོགས་འདུ་གྲོལ་རྗེས། ལས་བྱེད་པ་དང་མང་ཚོགས་མང་པོས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡོངས་དང་བསམ་བློ་བརྗེ་རེས་བྱས།

ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་རོགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིས་གོ་ཧྥིན་གྱིས་བཤད་རྒྱུར། སྤྱི་ཚོགས་རོགས་སྐྱོར་བྱ་བའི་ལས་གནས་ཀྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཚད་གཞི་དང་སྲོལ་ཡིག་གི་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ་དང་། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ཁྲོད་ནས་འགན་འཁྲི་ཕྲག་ཏུ་ལེན་པ། དཀའ་ཁག་ཆེ་བའི་མང་ཚོགས་དང་གཟིགས་སྐྱོང་ཚོགས་ཁག ལོ་ལོན་བདག་མེད་དང་དབང་བོ་སྐྱོན་ཅན། དྭ་ཕྲུག་སོགས་དམིགས་བསལ་མི་ཚོགས་ལ་རོགས་སྐྱོར་དང་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། རྒྱུན་མ་ཆད་པར་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཞབས་ཞུ་བཟང་བོས་མང་ཚོགས་དང་ཉེ་བར་བྱེད་པ་དང་། མང་ཚོགས་དང་མཐུན་སྒྲིལ་བྱེད་པ། མང་ཚོགས་ལ་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།