ཧི་ནན་རྫོང་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དང་མཚོ་སྔོན་སློབ་ཆེན་གྱི། ཞིང་ཕྱུགས་སློབ་གླིང་དང་ནོར་སྲིད་དཔལ་འབྱོར་སློབ་གླིང་གཉིས་ཀྱིས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད་གྲོས་མཐུན་སྟེང་མིང་རྟགས་བཀོད་དེ། མ་འོངས་པར་ཐོན་ལས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། འཇོན་ཐང་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག ཐོན་ལས་རིག་པའི་རྟེན་གཞི་འཛུགས་སྐྲུན། སྐྱེ་ཁམས་རིག་གནས་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་བྱེད་རྒྱུ་རེད།

མིང་རྟགས་འགོད་པའི་མཛད་སྒོའི་སྟེང་དུ། ཧི་ནན་རྫོང་གིས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་སྔོག་འདོན་ཞིབ་འཇུག སྐྱེ་ལྡན་ཐོན་ལས་འཕེལ་རྒྱས། རྨ་ཆུའི་མགོ་ཁུངས་དང་རྩྭ་ཐང་ལ་གནོད་པའི་སྲོག་ཆགས་སྔོན་འགོག རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། འབག་བཙོག་མེད་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་སྐྲུན་སོགས་ཀྱི་ཐད་ནས། མཚོ་སྔོན་སློབ་ཆེན་ལ་རོགས་ཕན་རེ་འདུན་བཏོན།

མཚོ་སྔོན་སློབ་ཆེན་གྱི་ཕྱོགས་ནས་བཤད་རྒྱུར། ཧི་ནན་རྫོང་དང་མཚོ་སྔོན་སློབ་ཆེན་གྱི་ཞིང་ཕྱུགས་སློབ་གླིང་དང་ནོར་སྲིད་དཔལ་འབྱོར་སློབ་གླིང་གཉིས་ཀྱི་མཉམ་ལས་བྱ་བས། སྲིད་གཞུང་དང་སློབ་གྲྭའི་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་བར་མ་ཟད། སློབ་ཆེན་ནང་ཁུལ་གྱི་ཐོན་ཁུངས་ལེགས་སྒྲིག་ལ་ཡར་སྐུལ་བྱས་ཏེ། ཐོན་ལས་དང་ལག་རྩལ། དཔལ་འབྱོར་བཅས་གཞི་གཅིག་དུ་འདྲེས་པའི་ངང་འཕེལ་རྒྱས་སུ་བཏང་། སློབ་གླིང་གཉིས་ཀས་རང་སྟེང་གི་ནུས་པ་རྩལ་འདོན་བྱས་ཏེ། བར་མ་ཆད་པའི་ངང་གྲོས་མོལ་གྱི་ནང་དོན་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད་ལས་གཞིའི་དམིགས་འབེན་མངོན་དུ་འགྱུར་བར་འབད་འབུངས་ཧུར་བསྐྱེད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།