རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ནུབ་རྐའི་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུར་དངོས་སུ་ཆོག་མཆན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ནུབ་རྐའི་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུ་ལ་དངོས་སུ་ཆོག་མཆན་བཀོད་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་ཆུ་གྲོན་ཆུང་དང་ཆུ་འདོན་སྤྲོད་བྱེད་པའི་ལས་གཞི་ཆེན་པོ་གཞན་ཞིག་ཡང་བསྐྱར་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ནུབ་རྐའི་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱིས་ཉེ་ལམ་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་བེད་བཟོ་སྐྲུན་ཆེན་པོ་བརྒྱ་དང་དོན་གཉིས་ཁྲོད་ཀྱི་གཅིག་ཡིན་ལ། ད་ལོར་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱེད་རྒྱུའི་ཐད་བཅད་པའི་ཆུ་བེད་བཟོ་སྐྲུན་ཉི་ཤུའི་གྲས་ཀྱི་གཅིག་ཀྱང་ཡིན། བཟོ་སྐྲུན་གྱིས་ཧེ་ཆོན་ཆུ་མཛོད་ནས་ཆུ་དྲངས་པ་དང་། ཆུ་རྐ་ཟི་ལིང་གྲོང་ཁྱེར་ཏ་ཐུང་དང་ཧོང་ཀྲུང་རྫོང་གི་ཐེམ་སྐམ་རུ་ཁུལ་བརྒྱུད་དེ། མཇུག་མཐར་ཀན་ཧི་བཟོ་ལས་ར་བའི་ཁུལ་གྱི་ཏཱ་ཧྲི་མིན་ཆུ་མཛོད་དུ་བཞུར་བཞིན་ཡོད། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ལོ་རེར་ནུབ་རྐའི་བཞུར་རྒྱུན་གྱི་ཞིང་ས་དང་ནགས་ས་སྤྱི་ཆིང་ཁྲི་གཉིས་ལ་ཆུ་གཏོང་ཐུབ་པ་དང་། ཀན་ཧི་བཟོ་ལས་ར་བའི་ཁུལ་གྱི་ཐོན་སྐྱེད་ཐད་ཆུ་རྨིད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བཞི་འདོན་སྤྲོད་བྱེད་ཐུབ།

འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བཟོ་སྐྲུན་དེ་རྐ་མགོའི་བཟོ་སྐྲུན་དང་ཆུ་རྐ་གཅིག ཡན་ལག་ཆུ་རྐ་ཉེར་དགུ ཆུ་རྐའི་བཟོ་སྐྲུན་དངོས་པོ་དང་ཞིང་བར་གྱི་ཆ་སྡེབས་བཟོ་སྐྲུན་བཅས་ཀྱིས་གྲུབ་ལ། ཆུ་རྐའི་སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་དང་སོ་ལྔ་ལྷག་ཡོད། ཚོད་རྩིས་ལྟར་ན་བཟོ་སྐྲུན་ཐད་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ས་ཡ་གཅིག་གཏོང་རྩིས་ཡོད་པ་དང་། བཟོ་སྐྲུན་སྤྱིའི་དུས་ཡུན་ལོ་ལྔ་ཡིན་ལ། བཟོ་སྐྲུན་འཛུགས་སྐྲུན་བྱས་ཚེ་ལས་གཞི་ཁུལ་གྱི་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་དང་། ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།