མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་གནས་སྤོར་དབུལ་ཐར་ཡུལ་དངོས་ལྟ་སྦྱོང་སྤྱི་སྡོམ་ཚོགས་འདུ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་གནས་སྤོར་དབུལ་ཐར་ཡུལ་དངོས་ལྟ་སྦྱོང་སྤྱི་སྡོམ་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་བྱ་བར་བཀོད་སྒྲིག་བྱས། 

ཝང་ཅན་ཅོན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གྱི་འགན་ཁུར་འདུ་ཤེས་ཇེ་ཆེར་བཏང་སྟེ་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་རེ་བ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག མང་ཚོགས་ཀྱི་འདོད་བློ། འགྲན་རྩོད་ལ་གདོང་གཏོད་པ་བཅས་ཁོང་དུ་ཆུད་པར་བྱས་ནས་ཆོད་སེམས་བརྟན་པོ་དང་དམིགས་འབེན་དམ་འཛིན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་མངོན་འགྱུར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བའི་བྱ་བར་འཆར་འགོད་བཟང་བོ་བྱས་ནས་མིག་རྒྱང་རིང་བོས་ས་གནས་དང་དུས་ཚོད། མིའི་འགྱུར་ལྡོག་ལ་གཞིགས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་རྩའི་སྤྱི་བའི་ཞབས་ཕྱི་ཁག་ཐེག་ཆུ་ཚད་མཐོར་འདེགས། ཤུགས་ཆེན་པོས་རྗེས་མཐུད་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ། སྣེ་ཁྲིད་མཁན་དང་འཇོན་ནུས་མི་སྣས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སྐོར་ཐེངས་དང་པོའི་གནས་སྤོར་བྱ་བའི་ཉམས་མྱོང་དང་བྱེད་ཐབས་སྲ་བརྟན་མཐོར་འདེགས་དང་བཀོལ་སྤྱོད་གང་ལེགས་བྱས་ནས་ཤུགས་གང་ཡོད་ཀྱིས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བའི་རེ་བ་བཏོན། 

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། མཐོ་རིམ་འཆར་འགོད་སྲ་བསྒྱུར་དང་བྱ་བ་ལག་བསྟར་དམ་འཛིན། རྗེས་མཐུད་ཐོན་ལས་གསོ་སྐྱོང་དང་མ་དངུལ་རྒྱབ་སྐྱོར་སྲ་བསྒྱུར། མི་འདང་ས་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་ནན་ནན་ཏིག་ཏིག་གིས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བར་སྐུལ་འདེད་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་འགན་ཁུར་གསལ་བོ་ཡིན་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་དང་ལྟ་རྟོག་ཞིབ་བཤེར་སྲ་བསྒྱུར་བཅས་བྱས་ནས་སྲིད་ཇུས་སོ་སོ་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་འདུའི་སྔོན་དུ། ལྟ་སྦྱོང་ཚོགས་པ་ཚན་ཆུང་གསུམ་དུ་བགོས་ནས་ཧུའུ་ཀྲུའུ་དང་ཧོང་ཀྲུང་། ལི་ཏུའུ། གཅན་ཚ། རྨ་སྟོད་བཅས་རྫོང་དང་ཁུལ་ལྔ་ལ་སོང་ནས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་གཞི་ལ་ཡུལ་དངོས་ལྟ་སྦྱོང་བྱས། ཚོགས་འདུའི་སྟེང་། 2016ལོའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་གཞིའི་ཆེད་དོན་བརྙན་ལ་བལྟས་པ་དང་། ལོ་གཅིག་གི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བའི་འཕེལ་རྒྱས་གནས་ཚུལ་ལ་ཉན་ཞིང་། རྫོང་དང་ཁུལ་དྲུག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚོགས་ཆེན་གྱི་བརྗེ་རེས་གཏམ་བཤད་གནང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།