མཚོ་སྔོན་ཚད་རིག་ལྷན་ཚོགས་དབུ་བརྙེས་པ་དང་ཚད་མའི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་ནས་བསྡུས།

2222222.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། བསམ་འཕེལ་ནོར་བུ། ཚེ་རིང་རྒྱ་མཚོ།) ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་ཚད་མ་རིག་པའི་བགྲོ་གླེང་སྐབས་དང་པོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཆེ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ་མཆོག མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ། མགོ་ལོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ། མཚོ་ལྷོ་ཀླུ་ཚང་དགོན་པའི་དགེ་བཤེས་ཆེན་མོ་ཤེས་རབ་བསྟན་དར་སོགས་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་དང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། གཞི་རིམ་གྱི་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཐེངས་འདིའི་མཛད་སྒོར་ཞུགས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དགེ་འདུན་གྱིས་མཛད་སྒོར་འགོ་འཛིན་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཤིས་ཚིག་ཕུལ།

343434.jpg

མཛད་སྒོ་སྟེང་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཆེ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གཙོ་བྱས་ཏེ། དགོན་སྡེའི་སོ་སོའི་བཤེས་གཉེན་དམ་པ་དང་སློབ་ཆེན་ཁག་གི་སློབ་དཔོན་ཆེན་མོ། སྤྱི་ཚོགས་ལས་རིགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ་ཞུས། ཁོང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་ཚན་ཏེ་ཚད་མ་རིག་པའི་བྱུང་འཕེལ་དང་དེར་སློབ་པའི་དགེ་བ་སོགས་ཚོགས་ཞུགས་སྐུ་མགྲོན་དག་ལ་མཚམས་སྦྱོར་བྱས། མཛད་སྒོ་སྟེང་དགེ་བའི་བཤེས་གཉེན་བློ་བཟང་ཆོས་གྲགས་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གླིང་གཙོ་ཟླ་བ། དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར། ཧང་ཀྲུག་ནང་བསྟན་སློབ་གླིང་གི་གླིང་གཙོ་དགེ་བའི་བཤེས་གཉེན་ཀྰང་ཞའོ་བཅས་ཀྱིས་རང་སོ་སོ་ནས་རང་ཉིད་ཀྱི་དཔྱད་རྩོམ་སྒྲོག་འདོན་བྱས།  

7777.jpg

སྤྱིར་བཏང་ལ་ཚད་མའི་དོན་ནི་སླ་བ་མེད་པའང་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར། དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན།བསམ་བློ་གང་ཞིག་ཚད་མ་ཡིན་་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།