མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུའུ་ལྔ་ཡི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་སློབ་སྟོན་ལས་ཁས་ལེན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས23ཉིན་ནས་ཚེས28ཉིན་བར། རྒྱལ་ཁབ་སློབ་གསོ་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་ཚན་ཁག་གིས«འོས་འགན་སློབ་གསོའི་བཅའ་ཁྲིམས»སོགས་འབྲེལ་ཡོད་ཁྲིམས་སྲོལ་གྱི་རེ་བ་གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་གྱིས་རེ་ཞུ་བྱས་པའི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་དང་མཁར་བྱང་ཆུའུ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ། ཕེན་ཨན་ཆུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་བཅས་ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་འཕེལ་རྒྱས་ཕལ་ཆེར་དོ་མཉམ་ཡིན་པའི་རྫོང་གི་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་བྱས།

ལྟ་སྐུལ་སློབ་སྟོན་ཞིབ་བཤེར་ཚན་ཁག་དེ་ཚན་ཆུང་གཉིས་སུ་བགོས་ནས་མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུའུ་ལྔ་ལ་སོང་ནས་ཡུལ་དངོས་ལྟ་སྐུལ་དང་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད། བསྡོམས་པས་སློབ་གྲྭ་ཞེ་གཉིས་ལ་སྐབས་བསྟུན་ཟུར་བཤེར་བྱས་ཤིང་། འབྲེལ་ཡོད་ཡིག་ཆ་དང་རྒྱུ་ཆར་ཞིབ་བཤེར་བྱས། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། སློབ་གཙོ། དགེ་རྒན། ཁྱིམ་བདག་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཆེད་སྤྱོད་དྲ་རྒྱའི་་སྟེགས་བུ་རྩ་འཛུགས་ཀྱིས་མི་སྟོང་གཅིག་དང་བདུན་བརྒྱ་རེ་ལྔ་ལ་ཡིག་ཐོག་ཞིབ་བཤེར་བྱས། སྐབས་བསྟུན་བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་ནས་མང་ཚོགས་ཀྱིས་སློབ་གསོར་བཅངས་པའི་བསམ་འཆར་བསྡུ་ལེན་བྱས་པ་དང་། ཞིབ་བཤེར་ཚན་ཁག་གིས་བལྟས་ན་མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུའུ་ལྔ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་སློབ་གསོའི་འཕེལ་རྒྱས་ཕལ་ཆེར་དོ་མཉམ་ཡིན་པའི་རྫོང་དང་ཆུའུ་ཡི་དཔྱད་འཇོག་ཁས་ལེན་ཚད་གཞིར་སླེབས་ཡོད་པར་འདོད།

ཚེས་28ཉིན་གྱི་སྔ་དྲོར་བསྡུས་པའི་ཚོགས་འདུའི་སྟེང། རྒྱལ་ཁབ་སློབ་གསོ་ལྟ་སྐུལ་སློབ་སྟོན་ཚན་ཁག་གིས་བསམ་འཆར་འདོན་སྐབས། མཚོ་སྔོན་ཞིང་ཆེན་གྱིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུད་འདེད་བྱེད་པའི་ཁྲོད་སྒྲུབ་པའི་བྱ་བར་གདེང་འཇོག་མཐོན་པོ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཧ་ཅང་མཐོང་ཆེན་བྱས་ཏེ། དེ་དམངས་ཚིས་ལེགས་བསྒྱུར་དང་དབུལ་ཐར་མཁྲེགས་གཏོར། མི་དམངས་ཕྱུག་ཅིང་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ཡོད་ལ། མཚོ་སྔོན་ཞིང་ཆེན་ཡོངས་ནས་རྫོང་བཅོ་ལྔ་ལ་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་རྨང་གཞིའི་སྟེང་མུ་མཐུད་དུ་འབད་བརྩོན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་བྱས་པས། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་བྱ་བར་གྲུབ་འབྲས་གསར་བ་བླངས་པ་དང་འོས་འགན་སློབ་གསོའི་སློབ་གྲྭའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་འདོད། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།