སྨན་བཅོས་མི་སྣར་དྲག་ཤུགས་སྤྱོད་པའི་གྱོད་དོན་ཚང་མ་ཚོར་སྐྱེན་གྱོད་དོན་ཆེན་པོའི་ནང་དུ་འཇོག་རྒྱུ་རེད།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ལྟ་སྐུལ་ཐིང་གི་ཐིང་ཀྲང་ཧོང་ཧོ་ཡིས་ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། སྨན་བཅོས་མི་སྣར་དྲག་ཤུགས་སྤྱོད་པའི་གྱོད་དོན་ཚོང་མ་ཚོར་སྐྱེན་གྱོད་དོན་ཆེན་པོའི་ནང་དུ་འཇོག་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་ཚོར་སྐྱེན་གྱོད་དོན་ཆེན་པོ་མྱུར་དུ་ཚུར་སྣང་བྱེད་པའི་ནང་རྐྱེན་འཛུགས་དགོས།

  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་ཆར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 《ཞིབ་དཔྱོད་འགན་ནུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་སྐོར་གྱི་བསམ་འཆར》བཏོན། དེའི་ནང་དུ་སྨན་བཅོས་དང་འབྲེལ་བ་ཡོད་པའི་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཚད་ཇེ་ཆེར་བཏང་ནས། རྒྱུན་ལྡན་གྱི་སྨན་བཅོས་སྒྲིགས་ལམ་དང་སྨན་བཅོས་མི་སྣའི་མི་ལུས་བདེ་ཐང་ལ་འགན་སྲུང་བྱེད་དགོས་པ་བསྟན་ཡོད། ཧོང་ཧོ་ཡིས་བསྟན་དོན། སྨན་བཅོས་མི་སྣར་དྲག་ཤུགས་སྤྱོད་པའི་ཉེས་བསགས་ལ་སྤྱི་ཚོགས་ཀྱི་གནོད་འཚེ་རང་བཞིན་ངེས་ཅན་ཞིག་ལྡན་ཞིང་། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོ་ངེས་པས། ངེས་པར་དང་མཐའ་གཅིག་ཏུ་ཁྲིམས་ལྟར་ཆད་པ་གཅོད་དགོས། དེ་ནི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རྩའི་ཐུན་མོང་གི་ངོས་ཟིན་ཞིག་རེད། དེའི་རྐྱེན་གྱིས།རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་ནང་ཧུར་བརྩོན་གྱིས་ཞུགས་ཏེ། བྱ་བའི་སྒྲུབ་སྟངས་གསར་སྐྲུན་གྱིས་ཕན་འབྲས་བཟང་པོ་བརྩོན་དགོས།

  ཧོང་ཧོ་ཡིས་བསྟན་དོན། སྨན་བཅོས་མི་སྣར་དྲག་ཤུགས་སྤྱོད་པའི་གྱོད་དོན་ཚང་མ་ཚོར་སྐྱེན་གྱོད་དོན་ཆེན་པོའི་ནང་དུ་འཇོག་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུས་ལྟར་ཚོར་སྐྱེན་གྱོད་དོན་ཆེན་པོ་མྱུར་དུ་ཚུར་སྣང་བྱེད་པའི་ནང་རྐྱེན་འཛུགས་དགོས།

  གལ་ཏེ་ཚོར་སྐྱེན་གྱོད་དོན་ཆེན་པོ་མྱུར་དུ་ཚུར་སྣང་བྱེད་པའི་ནང་རྐྱེན་བཙུགས་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྟ་སྐུལ་སློབ་སྟོན་དང་། རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གིས་གོང་འོག་མཉམ་འགུལ་བྱས་ཏེ། གྱོད་དོན་དུས་ལྟར་ཞིབ་འཇུག་བརྡར་གཅོད་དང་ཚུར་སྣང་ཡང་དག་བྱེད་རྒྱུ་དང་། ནུས་ཤུགས་བཟང་པོ་གཅིག་སྡུད་དང་སྔ་ནུར་སྒོས་མྱུལ་ཞིབ་ནང་ཞུགས་པ། དཔང་རྟགས་འཚོལ་བར་ཁྲིད་སྟོན་བཅས་བྱས་ཏེ། དཔང་རྟགས་ཀྱི་སྤུས་ཀར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། མྱུར་དུ་འཛིན་བཟུང་དང་མྱུར་དུ་ཁྲིམས་སྦྱོར་བྱས་ཏེ། མྱུར་ཚད་དང་ནུས་པ་མཐོན་པོ་འགན་སྲུང་བྱེད་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།