ཀྲུང་གོའི“འཕྲིན་སྦྲེལ་དྲ་བ+”ཡི་སློབ་ཆེན་སློབ་མའི་ལས་སྐྲུན་འགྲན་བསྡུར་སྐབས་གཉིས་པའི་ཁྲོད“བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་ཆ་འཕྲིན་ཅན་མ་ལག”ལ་དངུལ་གྱི་བྱ་དགའ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས15ཉིན་མཇུག་སྒྲིལ་པའི་ཀྲུང་གོའི“འཕྲིན་སྦྲེལ་དྲ་བ+”ཡི་སློབ་ཆེན་སློབ་མའི་ལས་སྐྲུན་གསར་གཏོད་འགྲན་བསྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་སུ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་འགྲན་ཞུགས་རྣམ་གྲངས་ཏེ“བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་ཆ་འཕྲིན་ཅན་མ་ལག”ལ་རྒྱལ་ཡོངས་ཀྱི་འགྲན་ཞུགས་རྣམ་གྲངས་ཁྲི12ཁྲོད་ནས་དུས་རིམ་སྔ་མའི་དྲ་རྒྱའི་ཞིབ་དཔྱད་དང་གཅིག་བསྡུས་བསྐྱར་འདེམས་བྱས་པ་མ་ཟད། རྟིང་རྩོད་འགྲན་བསྡུར་སྐབས་ཀྱི་འགྲེམ་སྟོན་དང་རྩོད་གླེང་བྱས་པ་བརྒྱུད། མཇུག་མཐར་དངུལ་གྱི་བྱ་དགའ་ཐོབ། འདི་ནི་མཚོ་སྔོན་ཞིང་ཆེན་ནས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཏེ་བླངས་བའི་གྲུབ་འབྲས་ཆེས་ལེགས་ཤོས་རེད།

ཐེངས་འདིའི་འགྲན་བསྡུར་ལ་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་འདུས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན31(ལྗོངས་དང་གྲོང་ཁྱེར)ནས་ཡོང་བའི་མཐོ་སློབ2110ལྷག་གི་སློབ་ཆེན་སློབ་མ་བསྡོམས་པས་ཁྲི60ལྷག་ཞུགས།

འགྲན་བསྡུར་ཁྲོད་ཞུགས་པའི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྣམ་གྲངས་སྟེ“བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་ཆ་འཕྲིན་ཅན་མ་ལག”ནི་པཎྚིཏ་ངོས་ལེབ་གློག་ཀླད་དང་། བོད་རྒྱ་སྐད་གཉིས་ཀྱི་སློབ་སྦྱོང་མ་ལག ལོ་དགུའི་འོས་འགན་སློབ་གསོའི་ཀློག་འདོན་མ་ལག བོད་རྒྱ་དབྱིན་གསུམ་གྱི་དྲ་ལམ་ཚིག་མཛོད། ཡིག་སྒྱུར་རམ་འདེགས་མ་ལག དྲ་ལམ་གྱི་དཔེ་ཁྲིད་མཁོ་འདོན་ཕྱོགས་བཅས་ཐོན་རྫས་དྲུག་གིས་གྲུབ་པའི་གསར་སྐྲུན་གྱི་ལས་གཞི་ཞིག་རེད། དེ་དང་དུས་མཉམ་དུ་མཚོ་སྔོན་པཎྚིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་ནས་དངོས་སུ་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་བརྩམས་ཤིང་བོད་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་འདོད་སྤྲོད་བྱས། རྣམ་གྲངས་འདི་ནི་རྩིས་འཁོར་སློབ་གླིང་གི2011ལོའི་ཞིབ་འཇུག་སློབ་མ་དཔལ་ཁོ་ཚེ་རིང་གི་ཚོགས་པས་ལེགས་འགྲུབ་བྱས་ཤིང་རྩིས་འཁོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་རྒྱལ་གྱིས་མཛུབ་སྟོན་གནང་བ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།