མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུ་ཉེ་ལམ་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཐོག་མར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་འཕྲོད་བསྟེན་དང་བདེ་ཐང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་མགྱོགས་མྱུར་སྒོས་སྤེལ་བ་སོགས་ཀྱི་ཐད་ནས་རེ་བ་གསལ་བོ་བཏོན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་གའོ་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཟླ་ལྔ་བའི་ནང་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་སྤེལ་མགོ་བརྩམས་པའི་ཚུན་ནས། སྨན་རྫས་ཀྱི་ཞོལ་སྣོན་རིན་གོང་ཁྱོན་ཡོངས་ནས་མེད་པར་གཏོང་བ་དང་། དམངས་ཕན་བྱེད་ཐབས་ལག་བསྟར་བྱས་ཏེ། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མགོ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་འཛུགས་པ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྲེལ་མྱུར་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྨན་ཁང་གི་ཞིབ་ཕྲ་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། སྨན་རིན་འོས་མཐུན་མིན་པའི་སྒོ་ནས་ཇེ་མཐོར་གཏོང་བར་ཚོད་འཛིན་བྱེད་པ། སྨན་བཅོས་ཞབས་ཞུ་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་ལ་དམིགས་ཏེ། བཅོས་བསྒྱུར་ཤུགས་ཆེན་སྒོས་སྤེལ་ནས། བཅོས་བསྒྱུར་གྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་འདོགས་ཐུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པའི་ཞིང་ཆེན་ནང་ཁུལ་གྱི་འགོག་ཐིག་ཆེས་རྗེས་མ་ཡིན་པས། བཅོས་བསྒྱུར་སྤེལ་བའི་ཞོར་དུ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་གི་འཆར་འགོད་དང་ཟུང་འབྲེལ་བྱས་ནས། རང་སྟེང་གི་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་ཆེད་ལས་ཁྱད་ཆོས་འབུར་ཐོན་བྱེད་པ། རིག་གཞུང་ཚན་ཁག་གི་དགེ་མཚན་འདོན་སྤེལ་བྱེད་པ། གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཙལ་ནས། མུ་མཐུད་དུ་འཕྲོད་བསྟེན་དང་བདེ་ཐང་འགན་སྲུང་ཆུ་ཚད་མཐོར་འདེགས་བྱེད་དགོས། དུས་སྐབས་གསར་བའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། གཞི་རིམ་གཙོར་བྱེད་པ། མཁར་གྲོང་གི་ཁ་གཏད་རོགས་སྐྱོར་ཐད་ཀྱི་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་བཀོལ་སྤྱོད་སྐུལ་འདེད་བྱེད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཏེ། བདེ་ཐང་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།   །
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།