མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་བཏང་ནས་རྫོང་དང་ཞང་གི་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་གི་མཁོ་བསྟུན་ནུས་པ་མཐོར་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཐུན་སྦྱོར་སྒོས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་དངོས་འབེབས་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སོ་བདུན་དང་ཞང་དང་གྲོང་བརྡལ་ཉེར་བཞིའི་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་ལ་མེ་འགོག་སྒྲིག་ཆས་དང་ལྟ་ཞིབ་འཕྲུལ་ཆས། ཟོང་སྒྲོམ་ཉོ་སྒྲུབ་དང་འདོན་འཇུག་ཡོ་བྱད་སོགས་བཀོད་སྒྲིག་བྱས་ཏེ་རྫོང་དང་ཞང་གི་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་གི་གནོད་སྐྱོབ་མཁོ་བསྟུན་ནུས་པ་དང་དོ་དམ་ཆུ་ཚད་མཐོར་འདེགས་བྱས།

2009ལོ་ནས་བཟུང་། རྒྱལ་ཁབ་དང་ཞིང་ཆེན་ནོར་སྲིད་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་རང་ཞིང་གིས་སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་ཞེ་གཅིག ཞང་དང་གྲོང་བརྡལ་ཉེར་བདུན་ལ་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་བཟོ་སྐྲུན་བྱས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གནོད་སྐྱོབ་དངོས་རྫས་གསོག་འཇོག་དྲ་ལམ་མ་ལག་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གནོད་སྐྱོབ་དངོས་རྫས་གསོག་འཇོག་ལྟེ་གནས་གཙོ་བོར་བཟུང་ཞིང་ཁུལ་དང་རྫོང་། ཞང་དང་གྲོང་རྡལ་གཙོ་བོའི་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་རམ་འདེགས་སུ་བྱས་ནས་བཀོད་སྒྲིག་བྱེད་ཚུལ་བབ་དང་མཐུན་ཞིང་མཁོ་འདོན་མྱུར་བ། འཁོར་བསྐྱོད་ནུས་པ་ཆེ་བ། ནུས་ལྡན་ཁག་ཐེག་ཡོད་པའི་གནོད་སྐྱོབ་དངོས་རྫས་མཁོ་བསྟུན་མ་ལག་གྲུབ་པར་བྱས། ཐེངས་འདིའི་གནོད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་ལ་མེ་འགོག་སྒྲིག་ཆས་དང་ལྟ་ཞིབ་འཕྲུལ་ཆས། ཟོང་སྒྲོམ་ཉོ་སྒྲུབ། འདོན་འཇུག་ཡོ་བྱད་སོགས་བཀོད་སྒྲིག་བྱས་ནས་ཚད་མཐོན་པོས་རྒྱ་ཆེའི་ཞིང་སྡེ་དང་འབྲོག་ཁུལ་གྱི་རང་བྱུང་གནོད་འཚེ་ལ་གདོང་གཏོད་པའི་ནུས་པ་མཐོར་འདེགས་སུ་བཏང་།   

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།