《གེ་སར་སྒྲུང》རྒྱའགྱུར་དཔེ་ཚོགས་དངོས་སུ་པར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན《གེ་སར》ལོ་རྒྱུས་སྙན་ངག་ཞིབ་འཇུག་ཁང་གིས་ལེགས་འགྲུབ་བྱས་པའི་རྒྱལ་ཁབ་ཀྱི་མངོན་མིན་རྗེས་ཤུལ་རིག་གནས་ལས་གཞི《ལྡོང་གི་མ་ཡིག་ལུང་བསྟན》དང《འཁྲུངས་གླིང་མི་ཏོག་ར་བ》།《རྟ་རྒྱུག་རྒྱལ་འཇོག》སོགས་ཀྱི《གེ་སར་སྒྲུང》རྒྱ་འགྱུར་དཔེ་ཚོགས་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

  དཔེ་ཚོགས་དེར་བསྡོམས་པས་ཁག་གསུམ་ཡོད་པ་དང་ཧ་ལམ་ཡིག་འབྲུ་ཁྲི60ཡོད།ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་སྙན་ངག་པ་མིང་གྲགས་ཅན་པད་གོ་ཡིས་གཙོ་སྒྲིག་པའི་འགན་ཁུར་པ་དང་། ཕ་ཡུལ་རང་ཞིང་ཡིན་པའི་ཆེད་ལས་འཇོན་མི་སྟེ། ཞུས་ཆེན་ལོ་ཙཱ་བ་དབང་གྲགས་དང་། རྩོམ་པ་པོ་ལུང་རིན་ཆེན། ལོ་ཙཱ་བ་སུའུ་ཏི་ཧྲེང་སོགས་ཀྱིས་གྲུབ་པའི་ལོ་ཙཱ་བ་ཚོགས་པས་ལོ་ངོ་གཉིས་ཀྱི་རིང་ལ་རྒྱ་ཡིག་ཏུ་བསྒྱུར། མ་ཡིག་ནི་སྔ་མོར་པར་སྐྲུན་བྱས་པའི་གནའ་བོའི་གདོད་མའི་པར་མ་དང་རང་ཞིང་གི་དམངས་ཁྲོད་སྒྲུང་པ་གྲགས་ཅན་གྱིས་བླངས་པའི་པར་མ་གཙོ་བོར་བདམས་ཡོད།

  ལོ་ཙཱ་བྱེད་པའི་གོ་རིམ་ཁྲོད་ནས། མ་ཡིག་ལ་བསྟུན་ཅི་ཐུབ་བྱས་ཡོད་པར་མ་ཟད། ལོ་རྒྱུས་སྙན་ངག་ཁོ་ནར་མངའ་བའི་བརྗོད་སྟངས་ཀྱི་ཆོས་ཉིད་དང་། དེའི་ནང་དུ་བརྗོད་པའི་བོད་རིགས་ཀྱི་གདོད་མའི་གཏམ་དཔེ་དང་ཆོས་ལུགས་ཀྱི་ཐ་སྙད། སྙན་ངག་སོགས་གོ་བདེ་ཅན་དུ་བསྒྱུར་ཡོད་པས། དེང་རབས་ཀློག་པ་པོ་རྣམས་ཀྱི་ལྟ་ཀློག་གི་དགོས་མཁོ་བསྐངས་ཡོད་པར་མ་ཟད། གདོད་མའི་བོད་ཡིག་རྩོམ་ཡིག་གི་གནའ་བོའི་ཁྱད་ཆོས་ཀྱང་གང་ཐུབ་ཀྱིས་སོར་འཇོག་བྱས་ཡོད། མི་རིགས་གཞན་པའི་ཤེས་ཡོན་པ་དང་ཞིབ་འཇུག་པའི་དཔྱད་གཞིར་འགྱུར་ཐུབ་པར་མ་ཟད། སྔར་ལས་མང་བའི་དེང་རབས་ཀློག་པ་པོ་དང་། རིག་གནས་ཆུ་ཚད་མི་འདྲ་བ་དང་ལོ་ཚོད་མི་འདྲ་བའི་ཀློག་པ་པོ་རྣམས་ཀྱིས་གེ་སར་སྒྲུང་གི་གཏམ་རྒྱུད་ཀྱི་རྣམ་པ་དང་ནང་དོན་སྟབས་བདེར་གོ་བ་ལེན་ཐུབ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།