མཚོ་སྔོན་ཞིང་ཆེན་གྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་ཐོག་མ་དངོས་སུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་ཐོག་མ་དངོས་སུ་བཙུགས་ནས་མིང་བྱང་འགེལ་བའི་མཛད་སྒོ་སྤེལ་ཞིང་། རྟེན་གཞི་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་བྱ་བར་སྔར་མེད་བྱེད་ནུས་གལ་ཆེན་འདོན་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་ནི་ཞིང་ཆེན་དུག་འགོག་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་དུ་སྤེལ་བ་ཞིག་ཡིན། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བརྒྱ་དང་བདུན་ཅུ་ཡོད་ཅིང་། ཁྱོན་བསྡོམས་འགྲེམ་ཁུལ་གསུམ་ཡོད་ལ། འགྲེམ་སྟོན་གྱི་ནང་དོན་གཙོ་བོར་དུག་རྫས་ཀྱི་འབྱུང་རྐྱེན་དང་དུག་རྫས་འགོག་བཅོས་བྱས་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་པ། དུག་རྫས་གནོད་སེལ་སྐོར་གྱི་ཤེས་བྱ། དུག་རྫས་ཀྱི་གནས་ཚུལ་ངོ་སྤྲོད། དུག་འགོག་བྱ་བའི་གྲུབ་འབྲས་སོགས་འདུས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་དུག་འགོག་བྱ་བའི་ཨུ་ཡོན་ལྷན་ཁང་གི་དུག་འགོ་བྱ་བའི་སྲིད་ཇུས་བྱེད་ཐབས་ལྟར། དུག་འགོག་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་དུག་འཐེན་སྦྱོར་བ་གཏན་འགོག དུག་རྫས་ཉེས་ཅན་ལ་རྒོལ་ལན་སྤྲོད་པ། དུག་འགོག་དོ་དམ་བྱ་བའི་ལས་རིམ་ཁག་གི་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད་ནའང་། དུག་འགོག་གནས་སྟངས་སྔར་བཞིན་ཛ་དྲག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་ཚད་རིམ་མི་འདྲ་བའི་ངོས་ནས་དུག་རྫས་ཀྱི་ངན་ཤུགས་ཐེབས་ཀྱིན་ཡོད་པར་མ་ཟད། དུག་འཐེན་མི་གྲངས་སྔར་ལས་ཇེ་མང་དུ་འཕར་ཡོད་པ་ལས་གཞན། ལོ་ཆུང་ཚོའི་ཁྲོད་ན་དུག་འཐེན་མཁན་མང་དུ་འགྲོ་བའི་རྣམ་པ་མངོན་གསལ་ཅན་དུ་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ལོ་སྟོད་བར་དུ། ཞིང་ཆེན་ཡོངས་སུ་མིང་ཐོ་བཀོད་ཟིན་པའི་དུག་འཐེན་མི་གྲངས་ཁྲི་གཅིག་དང་བརྒྱད་བརྒྱ་ལ་སླེབས་ཡོད་པས། དེས་ཐད་ཀར་སྤྱི་ཚོགས་ཀྱི་རྒྱུ་ནོར་འཛད་གྲོན་དང་ངལ་རྩོལ་འཕྲོ་བརླག་གི་ཕྱོགས་སུ་ངན་ཤུགས་ཆེན་པོ་ཐེབས་ཡོད། དེ་མིན་ད་དུང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། བདེ་ཐང་བཅས་ལ་དངོས་སམ་བརྒྱུད་པའི་སྒོ་ནས་ལྡོག་ཕྱོགས་ཀྱི་ཤན་ཤུགས་ངན་པ་ཐེབས་ནས། འཆམ་མཐུན་བདེ་ཐང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་གཏོར་བརླག་ཚབས་ཆེན་གཏོང་གིན་འདུག
                                                                                   

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།