ཡན་ཅིན་ཧེ་ཡིས་ཀོས་ནན་རྫོང་གི་གནད་ཕིགས་དབུལ་ཐར་འབྲེལ་འཛུགས་བྱེད་གནས་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉི་ཤུའི་ཉིན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་གནད་ཕིགས་དབུལ་ཐར་འབྲེལ་འཛུགས་བྱེད་གནས་ལ་རྟོག་ཞིབ་བྱས། ཡན་ཅིན་ཧེ་སྔ་གཞུག་ཏུ་དབུལ་ཕོངས་ཁྱིམ་ཚང་དང་ཡུལ་གཞན་ལ་གནས་སྤོར་བའི་ཡུལ་དངོས། དབུལ་སྐྱོར་ཐོན་ལས་ར་བ། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་བཅས་ལ་ཟབ་ཞུགས་བྱས་ཏེ། དབུལ་ཕོངས་མང་ཚོགས་དང་ཁྱིམ་ཚང་གི་ཚོང་གཉེར་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། མ་རྩ་ཡོང་འབབ། ཚོང་གཉེར་རང་བདག་སྣེ་ཁྲིད། སྡེ་སྡོད་དབུལ་སྐྱོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་ཐོན་ལས་དབུལ་སྐྱོར་དང་། བབ་བསྟུན་སྣེ་སྟོན། རང་རྟོགས་རང་འགུལ་བཅས་ལ་སྔར་ལས་ཤུགས་བསྣན་ནས། དབུལ་ཕོངས་མང་ཚོགས་ཀྱི་རང་བདག་འཕེལ་རྒྱས་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཡན་ཅིན་ཧེ་ཡིས་བསྟན་དོན། དབུལ་ཕོངས་མང་ཚོགས་ཀྱི་འཚོ་ཚིས་ཡུན་བརྟན་དང་འབྱོར་ལྡན་རྒྱུན་མཐུད་ཡོང་བར་བྱེད་པའི་གནད་འགག་ནི་ཐོན་ལས་ཡིན། གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པར། ཁེ་ལས་དང་མཉམ་ལས། ཞིང་ཕྱུགས་ཁྱིམ་ཚང་སོགས་ཀྱི་མཉམ་ལས་རྣམ་པ་ཅིས་ཀྱང་བརྒྱུད་དགོས་པ་དང་། བརྟན་འཇགས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་ལུགས་སྐྲུན་ནས། རྩ་འཛུགས་རང་བཞིན་དང་ལེགས་བསྡུས་ཞིབ་གཉེར། ཐོན་ལས་ཅན་གྱི་ཆུ་ཚད་བཅས་མཐོར་འདེགས་གཏོང་བར་འབད་དེ། དབུལ་ཕོངས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་སྤེལ་བྱས་ཏེ། དབུལ་ཕོངས་མང་ཚོགས་བརྟན་འཇགས་ཀྱི་ངང་ནས་དབུལ་ཐར་ཡོང་བར་བྱེད་དགོས། མིའི་འཇོན་ཐང་དང་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་དང་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། གཞི་ཁྱོན་ཚད་དང་ལྡན་པའི་ཚོང་གཉེར་ལ་ཡར་སྐུལ་གཏོང་དགོས། ཕན་འབྲས་མཐོ་བའི་གསོ་སྤེལ་བྱ་བ་གཉེར་ནས། སྐྱེ་ཁམས་ཕྱུགས་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་བརྒྱུད་དེ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འཕར་བར་བྱེད་དགོས། ཡུལ་གཞན་ལ་གནས་སྤོར་བ་ནི་ཐབས་ལམ་ཞིག་ཡིན་པ་དང་འབྱོར་བ་སྐྲུན་རྒྱུ་ནི་མཐར་ཐུག་གི་དམིགས་འབེན་ཡིན། ཚན་རིག་གི་ལམ་ནས་འཆར་འགོད་བྱེད་དགོས་པ་དང་། ཚད་དང་རན་པའི་སྒོ་ནས་འདུས་སྡོད་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་གང་ལེགས་སྐྲུན་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱུན་མཐུད་ཐོན་ལས་གསོ་སྐྱོང་བྱེད་དགོས། གནས་སྤར་ཁྱིམ་ཚང་དང་དབུལ་ཐར་ཁྱིམ་ཚང་རེ་རེར་འགན་སྲུང་ཡག་པོ་བྱས་ཏེ། སྡོད་ཁང་གསར་བའི་ནང་དུ་འདུག་ཐུབ་པ་དང་འཚོ་བ་བཟང་བོ་རོལ་ཐུབ་པར་འགན་སྲུང་བྱེད་དགོས། བསམ་བློའི་དབུལ་སྐྱོར་ལ་སྟོབས་ལྡན་དུ་བསྒྱུར་ནས། སྡེ་བའི་ནང་དུ་སྡོད་པའི་བྱ་བའི་རུ་ཁག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཧུར་བརྩོན་ཆེན་པོས་དབུལ་ཕོངས་མང་ཚོགས་ཀྱི་བསམ་བློར་སྣེ་སྟོན་ལེགས་པོ་བྱེད་དགོས་པར་མ་ཟད། ཁོ་ཚོའི་ལག་རྩལ་སློབ་འདོད་ཀྱི་བསམ་པ་དང་། འབྱོར་ཕྱུག་ལ་སྙེག་འདོད་ཀྱི་བྱེད་ཐབས་ལ་སྐུལ་ལྕག་བྱས་ཏེ། རང་སྟོབས་རང་སྤེལ་གྱི་ལམ་ནས་བདེ་སྐྱིད་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། མཚོ་མོ།

དཔྱད་མཆན 0 ཡོད།