མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་མོལ

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ལའོ་ཉིན་གྱི་ལྐོག་རྔན་སྤྲད་དེ་འདེམ་ཤོག་འཕངས་པའི་གྱོན་དོན་ལ་རྩད་གཅོད་བྱས་པའི་གནས་ཚུལ་དང་དེ་འབྲེལ་གྱི་བསླབ་གཅུན་ཉེན་བརྡ་གཏོང་བའི་བརྡ་ཁྱབ། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཚོགས་ཆེན། རྒྱལ་ཡོངས་ཏང་ཨུའི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། མཚོ་སྔོན་གྱི་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སྐུ་དངོས་སུ་མཚོ་སྔོན་ལ་ཕེབས་ནས། མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛུབ་སྟོན་གནང་བར་མ་ཟད། རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་གཟིགས་སྐྱོང་ཟབ་མོ་མཛད་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་ནས་དེ་འབྲེལ་གྱི་གསུངས་བཤད་གལ་ཆེན་གནང་བའི་ལས་དོན་དེ་ཉིད་ནི། མཚོ་སྔོན་འཕེལ་རྒྱས་ལོ་རྒྱུས་ལ་ཆ་མཚོན་ནས་བཤད་ན་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། «ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་པ་མཛུབ་སྟོན་བསམ་བློར་བཟུང་ནས། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་དཀྱིལ་སྙིང་དུ་བཟུང་སྟེ། གཙོ་གནད་འབུར་ཐོན་དང་ཉེ་རྒྱང་ཟུང་འབྲེལ། ཁྱོན་ཡོངས་དང་གནད་ས་གཉིས་མཉམ་དུ་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་བྱེད་ཕྱོགས་དང་དམིགས་འབེན་འགན་འཁྲི་ཞིབ་ཕྲ་བཏོན་པར་མ་ཟད། བྱ་བའི་འགན་འཁྲི་མངོན་གསལ་ཅན་དུ་བཏང་། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་། ཞིང་ཆེན་ཡོངས་ཀྱི་་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཏུ་བརྩིས་ནས། དེར་སློབ་སྦྱོང་དང་དྲིལ་སྒྲོག། དངོས་འབེབས་དོན་འཁྱོལ་ཡོང་བར་འབད་དགོས། བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོར་འདེགས་བཏང་ནས། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་དགོངས་དོན་གལ་ཆེན་སྟེང་ནས་གཅིག་གྱུར་ཡོང་བར་འབད་དེ། ཁྱོན་ཡོངས་ནས«ལག་བསྟར་བསམ་འཆར»དངོས་འབེབས་དོན་འཁྱོལ་བྱེད་དགོས། རང་རྟོགས་སྒོས་མཚོ་སྔོན་གྱི་བྱ་བ་རྒྱལ་ཡོངས་སྤྱིའི་ལས་རིམ་ཁྲོད་བཞག་ཏེ་འཆར་འགོད་འཐེན་ནས་སྐུལ་འདེད་གཏོང་དགོས་པ་དང་། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་ལྟར་བྱ་བའི་ཤུགས་འདོན་ས་མ་ནོར་མ་འཆུག་པའི་སྒོ་ནས་བཙལ་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་འབུར་ཐོན་གྱི་གལ་གནད་དུ་བཞག་ནས་དམ་པོར་འཛིན་དགོས་ཤིང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་མཉམ་འགུལ་འཕེལ་རྒྱས་བརྒྱུད་ལམ་འཚོལ་དཔྱོད་བྱས་ཏེ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་མོ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་དྲག་པོའི་ཕྱོགས་སུ་བར་བརྒལ་བྱེད་དགོས། དམངས་ཚིས་བྱ་བའི་ལས་རིམ་ཁག་ལ་གཅིག་གྱུར་འཆར་འགོད་བཟང་བོ་བྱས་ཏེ། སྤྱི་ཚོགས་ལེགས་བཅོས་ལ་ཤུགས་སྣོན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་བསྒྱུར་ནས། ངེས་པ་དོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་རེ་བ་ཟབ་མོ་དང་བླང་བྱ་གལ་ཆེན་ལག་ལེན་དངོས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ། གཞི་གསུམ་འཛུགས་སྐྲུན་ཁྲོད་གྲུབ་འབྲས་གསར་བ་མང་པོ་རྒྱུན་ཆད་མེད་པའི་ངང་ལེན་པར་འབད་འབུངས་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་དངོས་འབེབས་བྱ་བའི་རྩ་འཛུགས་མགོ་ཁྲིད་བྱེད་ཤུགས་མངོན་གསལ་ཇེ་དྲག་ཏུ་དགོས། རིམ་པ་སོ་སོའི་ཏང་ཨུས་མངགས་བཅོལ་ཡིད་ལ་དམ་པོར་བཅངས་བ་དང་། སྙིང་སྟོབས་ཆེར་བསྐྱེད། རང་བདག་འགན་འཁྲི་སྟོབས་ལྡན་དུ་གཏོང་བ། རང་བདག་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་བཅས་ལ་འབད་དེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ས་གནས་དང་ལས་ཁུངས་ཁག་གིས་དངོས་འབེབས་བྱེད་དགོས་པའི་ཞིབ་ཕྲའི་བྱེད་ཕྱོགས་སྔར་ལས་ཞིབ་ཕྲ་ཅན་དུ་གཏོང་དགོས་པ་དང་། དེ་ཉིད་ཞིབ་ཕྲའི་བྱ་བ་དང་བསྒྲུབ་དགོས་པའི་ལས་དོན་སྟེང་དངོས་འབེབས་བྱས་ཏེ། ལས་རིམ་ཁག་སོ་སོའི་བཀོད་སྒྲིག་བྱ་བ་རྨང་རྐང་བརྟན་ལ་གྲུབ་འབྲས་ལྡན་པའི་ངང་སྤེལ་དགོས། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་གཙོ་བོས་འགན་འཁྲི་དང་པོའི་འགན་ནུས་ཁ་མིན་དོན་གྱིས་ཕྲག་སྟེང་དུ་བླངས་ནས། མགོ་ཁྲིད་དང་སྐུལ་སྤེལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་གཏོང་དགོས། རུ་འདྲེན་ལས་ཁུངས་ཁག་གིས་རང་རྟོགས་རང་འགུལ་དང་སྣེ་འདོན་སྤྱི་འཛིན་གྱི་སྒོ་ནས་རང་འཁྲིའི་འགན་ཁུར་འཕྲལ་བསྒྲུབ་དང་ཧུར་བརྩོན་ཆེན་པོས་གཞོགས་འདེགས་བྱེད་དགོས། སྐུལ་སློང་དང་རྟིང་འཛིན་ཟུང་སྒྲུབ་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཐུས་སྒོ་ཚང་བའི་ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལམ་ལུགས་ཤིག་འཛུགས་དགོས། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞི་སྤེལ་བའི་ཁྲོད་ནས་གྲུབ་འབྲས་དངོས་ནི་ལས་བྱེད་པ་འདེམ་བསྐོ་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ཏེ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་བདེན་དོན་དངོས་གཉེར། འབད་འབུངས་ཆེར་བསྐྱེད་བཅས་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་བ་རྨང་རྐང་བརྟན་པོའི་ངང་ཡར་ལྡན་དུ་སྤེལ་དགོས་ཟེར། 

གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གིས་ལའོ་ཉིན་གྱི་ལྐོག་རྔན་སྤྲད་དེ་འདེམ་བསྐོ་བྱས་པའི་གྱོད་དོན་ཐག་གཅོད་ནན་མོ་བྱས་ཡོད་ཅིང་། དེས་བློ་མཐུན་ཞི་ཅིན་ཕེན་མཆོག་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། བྱ་བཟང་སྤྱོད་བཟང་གི་ཆོད་སེམས་བརྟན་པོ་དང་འདུ་ཤེས་བརྟན་པོ་མངོན་པར་མཚོན་ཡོད་པས། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་ཐག་གཅོད་གཏན་འཁེལ་ལ་སྲུང་འཛིན་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་བསམ་བློ་དང་སྦྱོར་བ་གཉིས«བརྡ་ཁྱབ»སྟེང་གཅིག་གྱུར་ཡོང་བར་འབད་དེ། བློ་མཐུན་ཞི་ཅིན་ཕེན་མཆོག་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་ང་ཚོ་སྔར་ལས་མཐུན་སྒྲིལ་དམ་ཟབ་ཡོང་བར་འབད་མཐར། འདུ་ཤེས་བཞི་བརྟན་པོར་འཛུགས་དགོས། «བརྡ་ཁྱབ»དངོས་ཇི་བཞིན། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་དང་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ཕྱིར་རྟོག་གནད་སྨིན་བྱས་ཏེ། ཉམས་མྱོང་བསྡུ་ལེན་དང་གནད་དོན་གྱི་སྐྱོན་ཆ་དྲུངས་ནས་འབྱིན་པ། ནོར་འཁྲུལ་འབྱུང་སའི་སྒོ་ཐམས་ཅད་དམ་པོར་བརྒྱག་པ། བཅོས་སྐྱོང་བྱ་བའི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་གཏོང་བ་བཅས་ལ་འབད་དེ། ཡ་རབས་སྤྱོད་བཟང་གི་ཆབ་སྲིད་རྣམ་པ་བཟང་བོ་ཞིག་གྲུབ་བར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཐོ་ས་ནས་འགྲེང་སྟེ། ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྐབས་བརྗེ་འདེམ་བསྐོ་བྱ་བའི་ལས་རིམ་ཁག་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས་ལ། ཏང་གི་མཛུབ་སྟོན་གྱིས་སྐབས་བརྗེ་འདེམ་བསྐོ་བྱ་བའི་ལས་རིམ་ཧྲིལ་བོ་ཁེབས་པར་བྱས་ཏེ། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་དང་ཟུང་དུ་སྦྲེལ་དགོས། ཁྱོན་ཡོངས་ནས་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། འདེམ་མི་དང་བཀོལ་མིའི་ཁ་ཕྱོགས་ཡང་དག་ཅིག་གྲུབ་པར་བྱེད་དགོས། དོགས་ཟོན་བྱེད་ཐབས་སྔར་ལས་ཇེ་དམ་དུ་གཏོང་དགོས། སྐབས་བརྗེ་སྒྲིག་ཁྲིམས་སྔར་ལས་ཇེ་བཙན་ལ་གཏོང་དགོས། ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཏང་ནང་ཁུལ་གྱི་འཚོ་བ་སྔར་ལས་གཟབ་ནན་ཅན་དུ་གཏོང་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་རྩད་གཅོད་ཡང་དག་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་ཆབ་སྲིད་བརྩི་བ་དང་ཆོས་ཉིད་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་རིམ་དང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་བྱ་བ་མཁྲེགས་གཏོར་དུས་རིམ་དུ་སླེབས་པ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ཡར་ལྡན་དུ་སྤེལ་བའི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་སྤྱིའི་འཐབ་ཇུས་ཀྱི་མཐོ་ས་ནས་འགྲེང་སྟེ། ཁྱོན་ཡོངས་ནས་ང་ཚོ་ཏང་གིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་མགོ་ཁྲིད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། གཞི་རྩའི་ཉམས་མྱོང་ལ་སྤྱི་སྡོམ་བྱས་པར་མ་ཟད། དེ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་བའི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་བསམ་བློ། བྱ་བའི་བྱེད་ཕྱོགས། དམིགས་འབེན་འགན་འཁྲི། ཐབས་ཇུས་གལ་ཆེན་བཅས་གསལ་སྟོན་བྱས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན་ཟེར།

གྲོས་ཚོགས་སྟེང་རྒྱལ་ཡོངས་ཏང་ཨུའི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད།«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མགོ་ཁྲིད་པའི་ཁྲིམས་འཛུགས་བྱ་བ་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར»དང་། «མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་གཏོང་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར»གཉིས་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།