ཡུས་ཁང་ཀྲིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། རྒྱལ་ཁབ་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་མཚོ་སྔོན་ཞིང་ཆེན་གྱི་རྐང་ཚ་རྫོང་དང་ཧེ་ཡན་རྫོང་སོགས་སུ་སོང་ནས་ཕྱུགས་ཟོག་གི་ཐུམ་འབུའི་ནད་ཚོད་འགོག་ཚོད་ལྟའི་བྱ་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཆེད་དོན་རྟོག་ཞིབ་བྱས་པར་མ་ཟད། གནས་གཏན་ཁེལ་བྱས་ནས་རོགས་སྐྱོར་བྱེད་པའི་སྡེ་བའི་ལས་བྱེད་པ་དང་མང་ཚོགས་དང་དབུལ་ཐར་ཕྱུག་བསྒྱུར་གྱི་འཕེལ་རྒྱས་བགྲོད་ལམ་ཐད་ནས་གྲོས་བསྡུར་བྱས། མཚོ་སྔོན་ཞིང་ཆེན་གྱ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཉམ་དུ་རྟོག་ཞིབ་བྱས།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཡུས་ཁང་ཀྲིན་དང་རྒྱལ་ཡོངས་ཐུམ་འབུའི་ནད་ཚོད་འགོག་གི་ཡུལ་དངོས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཚོ་མཉམ་དུ་རྐང་ཚ་རྫོང་དང་ཧེ་ཡན་རྫོང་དུ་སོང་ནས་མིག་སྔའི་ཚོད་འགོག་བྱ་བར་ཞིབ་བསྡུར་བྱས། ཁོས་ནན་གྱིས་བསྟན་དོན། ཐུམ་འབུའི་ནད་ཚོད་འགོག་ཚོད་ལྟའི་བྱ་བའི་ཐད་ནས་གསར་གཏོད་རང་བཞིན་དང་འགྲན་རྩོད་རང་བཞིན་ལྡན་ལ། དེའི་ཁྲོད་ཞུགས་པའི་སྡེ་ཁག་གིས་ལག་རྩལ་མཛུབ་སྟོན་དང་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྱི་སྨན་དང་ལུག་གི་རིམས་འགོག ཕྱོགས་བསྡུས་ཚོད་འགོག་སོགས་ཀྱི་ཚོད་འགོག་ལག་རྩལ་མ་དཔེ་འཐུས་ཚང་དུ་བཏང་སྟེ། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་སྟེང་ནས་གྲུབ་འབྲས་ལེན་པར་བརྩོན་ལེན་བྱེད་དགོས་ཟེར།

གཞི་རིམ་འབྲེལ་འདྲིས་བྱེད་གནས་སྟོང་སྐོར་རྫོང་པཱ་ཡན་ཞང་ཧུའུ་ཏན་སྡེ་བ་གོང་མ་རུ། ཡུས་ཁང་ཀྲིན་གྱིས་ནན་གྱིས་བསྟན་དོན། གཞི་རིམ་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ནི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་ལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ཁག་ཁུར་དང་སྙིང་སྟོབས་དགོས་པ་དང་། སྡེ་དམངས་ལ་དཀའ་སྤྱད་འབད་བརྩོན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དགོས་ཟེར།

ཚེས་བཅུ་དགུ་ཉིན། ཡུས་ཁང་ཀྲིན་སྐབས་བཞི་བའི་ཀྲུང་གོ་རྩྭ་ལས་ཚོགས་ཆེན་ལ་ཞུགས་པ་དང་། གཅན་ཚ་དང་དཔའ་ལུང་རྫོང་གཉིས་སུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཆུ་འཁྱགས་ཉ་གསོ་སྤེལ་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཇུས་ཆོས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།