མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་བའི་ལས་རིམ་ཁག་གི་རྨང་གཞི་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་བའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་མཁན་ཁོངས་མི་དང་ལས་ཁུངས་ཁག་གིས་མཐོང་ཆེན་བླ་མེད་བྱས་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱས་པ། འགན་འཁྲི་གཙང་ལེན་བྱས་པ། དངོས་འབེབས་དོན་གཉེར་བཅས་བྱས་ཏེ། བཟོ་སྐྲུན་བདེ་ལེགས་ངང་སྤེལ་བར་འགན་ལེན་ཁག་ཐེག་བྱས།

ད་ལོའི་ལོ་སྟོད་དུ། ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་དྲུག་འབུམ་གཅིག་ཁྲི་གཉིས་དངོས་འབེབས་བྱས་པ་དང་། དེའི་ཁྲོད་དུ་ཨར་འདམ་གྱི་ལམ་ལས་པའི་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་གཅིག་བཏང་ཡོད་ཅིང་། ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་བེད་བཟོ་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གསུམ་འབུམ་གཉིས་ཁྲི་བརྒྱད་བཏང་ལ། གློག་དྲའི་པར་གཞི་ལེགས་བཅོས་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་། རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྲུན་ཐད་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཁྲི་བཞི་བཏང་། སྡེ་བའི་ནང་གི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ཐད་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་ལྔ་བཏང་། སྡེ་བའི་ནང་གི་དཔེ་ཁང་འཛུགས་སྐྲུན་དང་ཞིག་གསོའི་ཐད་མ་དངུལ་སྒོར་འབུམ་དྲུག་བཏང་། རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་སྤེལ་བའི་བཟོ་སྐྲུན་ཐད་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དྲུག་ཁྲི་ལྔ་བཏང་། མིག་སྔར་ལས་གཞི་མང་ཆེ་བ་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ལོ་འདིའི་ནང་དུ་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སྐོར་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གྱི་འགན་ཁུར་ཡོངས་འགྲུབ་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།