མཚོ་སྔོན་གྱིས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྤྱི་སྡོམ་དང་རེས་མོས་སྣེ་ལེན་གྱི་ཚོགས་ཆེན་བསྡུས། ​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྤྱི་སྡོམ་དང་རེས་མོས་སྣེ་ལེན་གྱི་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པ་དང་ཚོགས་ཆེན་རིམ་བྱུང་གི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་སྤྱི་སྡོམ་བྱས་པ་ལས་གཞན། ད་དུང་སྐོར་གཉིས་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་སྔོན་ཐོན་ཐུན་མོང་ཚོགས་པ་ལ་གཟེངས་བསྟོད་བྱས་པར་མ་ཟད། སྐོར་གཉིས་པ་དང་སྐོར་གསུམ་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པ་སྐྱེལ་མ་དང་བསུ་མ་བྱས་མཐར། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བ་ལ་བཀོད་སྒྲིག་གང་ལེགས་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། སྐོར་གསུམ་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ཀྲུང་དབྱང་ཕེབས་སྐྱེལ་བྱ་བའི་ཚན་གཙོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཞིན་ཀྲང་ཞིན་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝང་གོ་ཧྲིན་གྱིས་གཏན་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀུན་གྱི་ཚབ་མཛད་དེ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སོ་གཉིས་དང་ཀྲུང་དབྱང་ཁེ་ལས་བཅོ་བརྒྱད། འཕེལ་རྒྱས་ཞིང་ཆེན་དང་གྲོང་ཁྱེར་དྲུག་བཅས་ཀྱིས་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བཀའ་དྲིན་རབ་ཏུ་ཆེ་བའི་བསམ་པ་བསྟན་པར་མ་ཟད། སྐོར་གཉིས་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཐད་དཀའ་བ་འབུམ་ཕྲག་དང་སེམས་ཤུགས་མང་པོ་ཕངས་མེད་དུ་ཕུལ་བ་ལ་ལྷག་བསམ་དག་པའི་སྒོ་ནས་བཀའ་དྲིན་ཆེ་ཞུས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་རེ་བས་ཁེངས་པའི་ས་ཆ་ཞིག་ཡིན་པ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་ལ་རེ་བ་ཆེན་པོ་ཡོད། བློ་སེམས་རྩེ་གཅིག་གི་སྒོ་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་དང་མཉམ་འདྲེས་ཡོང་བར་འབད་དགོས། གནས་འདིའི་རི་ཆུའི་བཀོད་པ་ཁྱད་དུ་མཚར་ཞིང་མི་དམངས་ཀྱིས་དཀའ་བ་དང་དུ་ལེན་ཕོད་པས། གནས་འདི་ལ་གསོན་སྟོབས་ཀྱིས་ཁེངས་ཡོད། ཚང་མས་མི་ཚེའི་ཁྲོད་ཀྱི་ཐོབ་དཀའ་བའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། ཞེ་དག་པའི་སྒོ་ནས་ལྟ་རྟོག་དང་བློ་གཙང་མའི་སྒོ་ནས་ལས་དོན་གཉེར་བ། བརྩེ་བ་ཟོལ་མེད་ཀྱི་སྒོ་ནས་ཉམས་མྱོང་རང་རྒྱུད་དུ་ལེན་དགོས། བར་མ་ཆད་པའི་སྒོ་ནས་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གནས་བབ་དངོས་ལ་རྒྱུས་ལོན་གསལ་བོ་བྱས་ནས། བྱ་བ་ཡར་ལྡན་དུ་སྤེལ་བ་དང་། དམངས་གཙོའི་གཅིག་སྡུས་ལམ་ལུགས་ནན་ཏན་ཆེན་པོས་ལག་བསྟར་བྱས་མཐར། རང་རྟོགས་ངང་མགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས། ཁྱད་པར་དུ་ལས་སྒོ་སྤེལ་སའི་ས་གནས་མི་རིགས་ལས་བྱེད་པའི་བར་མཐུན་སྒྲིལ་རོགས་རེས་ཀྱི་འབྲེལ་བ་བཙུགས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་རྣལ་མ་འདོན་ཐུབ་དགོས་ཟེར།

ཞིན་ཁྲང་ཞིན་གྱིས་གཏན་བཤད་ཁྲོད་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་དུས་རྟག་པར་མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བླ་ལྷག་གནང་ཡོད་པ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་གིས་བོད་ལྗོངས་དང་བོད་ཁུལ་འདུས་པའི་མི་རིགས་ས་ཁུལ་གྱི་བྱ་བར་བླང་བྱ་གསར་བ་རབས་དང་རིམ་པ་བཏོན་ཡོད། མཚོ་སྔོན་བོད་ཁུལ་བྱ་བའི་ཁ་གཏད་རོགས་སྐྱོར་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་ཡོད་པར་བྱས་ནས། བསམ་བློ་དང་སྦྱོར་བའི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་མཐར། ཀྲུང་དབྱང་གི་བླང་བྱ་ལྷག་ལུས་མེད་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཞིན་ཁྲང་ཞིན་གྱིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་བ་ནས་བཟུང་། རིམ་པ་སོ་སོའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་འབེབས་དོན་འཁྱོལ་བྱས་ཡོད། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་ལས་བྱེད་པར་ཡིད་ཆེས་ཟབ་མོ་བཅངས་ནས། སྤོབས་པ་ཆེན་པོས་བཀོལ་སྤྱོད་བྱས་ཏེ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པར་འགན་ནུས་མཐར་ཕྱིན་པའི་ཐད་ཆ་རྐྱེན་ཡག་པོ་བསྐྲུན་ཡོད། ཕྱོགས་སོ་སོའི་ཐུན་མོང་གི་འབད་འཐབ་ལ་བརྟེན་ནས། མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་ལམ་ལུགས་བར་མ་ཆད་པའི་ངང་འཐུས་ཚང་དང་། ཁ་གཏད་རོགས་སྐྱོར་གྱི་གཞི་རྒྱ་སྔར་ལས་ཆེར་བསྐྱེད། ཁ་གཏད་རོགས་སྐྱོར་བྱ་བའི་ནང་དོན་སྔར་ལས་སྣ་མང་ཕུན་ཚོགས་སུ་སོང་ནས། ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་ཡར་ལྡན་དུ་སྤེལ་མཐར། མཚོ་སྔོན་བོད་ཁུལ་གྱི་ལས་བྱེད་པའི་དཔུང་སྡེ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བ་སྔར་ལས་སྟོབས་ལྡན་དུ་བཏང་བར་མ་ཟད། མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པ་ལ་སྦྱོང་བརྡར་ཚད་མཐོན་པོ་བྱས་ནས། ཁ་གཏད་རོགས་སྐྱོར་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་བཞིན་ཡོད་ཟེར།

ཧའོ་ཕིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཚང་མས་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིན་ཁྲང་ཞིན་གཉིས་ཀྱི་གཏན་བཤད་གོ་དོན་ལ་གོ་བ་ཡང་དག་བླངས་ནས། བསམ་བློ་དང་སྦྱོར་བ་གཉིས་གཏམ་བཤད་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབད་དེ། མཉམ་དུ་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་འབད་ནས། མཚོ་སྔོན་དང་རྒྱལ་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཡོང་བའི་ཐད་འབད་འབུངས་བྱེད་དགོས་ཟེར།

ཚོགས་ཐོག་ནས་སྐོར་གཉིས་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་འཐུས་མི་ཁྲིན་ཝེ་དང་ཡུས་ཞའོ། སྐོར་གསུམ་པའི་མཚོ་སྔོན་རོགས་སྐྱོར་འཐུས་མི་ཝང་ཏུའུ་ཝེ་བཅས་ཀྱིས་རིམ་པར་གཏན་བཤད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅེན་མིན་གྱིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཧྲུའུ་ཁྲང་ཧྲིན་གྱིས་སྐོར་ཞིབ་གཉིས་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་སྔོན་ཐོན་ཚོགས་པར་བསྟོད་བསྔགས་བྱས་པའི་ཇུས་གཞི་སྒྲོག་འགྲེལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་ཝང་ཡུས་པའོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

སྐོར་གསུམ་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་ཀྲུང་དབྱང་ཕེབས་སྐྱེལ་ཚན་ཁག་གི་ཁོངས་མི་དང་། ཁ་གཏད་རོགས་སྐྱོར་གྱི་ཕེབས་སྐྱེལ་མགོ་ཁྲིད་སོ་སོ། ཞིང་ཆེན་ཁ་གཏད་རོགས་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། རོགས་སྐྱོར་ཐེབས་པའི་གྲོང་ཁྱེར་དང་ཁུལ་ཏང་ཨུ་དང་སྲིད་གཞུང་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། རྩ་འཛུགས་པུའུ་ཀྲང་། ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་རོགས་སྐྱོར་ཐེབས་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན། སྐོར་གཉིས་པ་དང་སྐོར་གསུམ་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།